༧གོང་ས་མཆོག་ལ་རྒྱ་ནག་གིས་ཡང་སྲིད་སྐོར་སྐྱོན་བརྗོད།
2015.03.09
༧གོང་ས་མཆོག་གིས་ནང་པ་སངས་རྒྱས་ཀྱི་ཆོས་ལ་སྐུར་འདེབས་གནང་གི་ཡོད་སྐོར་རྒྱ་ནག་གིས་སྐྱོན་བརྗོད་དྲག་པོ་བྱས་འདུག
དེ་ཡང་ད་ཐེངས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་བ་ནི། དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཞེས་པ་དེ་ཚོགས་པའི་ཞོར་དུ་བོད་རང་སྐྱོངས་ལྗོངས་ཀྱི་སྤྱི་ཁྱབ་པ་པད་མ་འཕྲིན་ལས་ཀྱིས་བརྗོད་ཡོད་པ་རེད། ཁོང་གིས། གལ་སྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་གནང་མེད་པ་ཡིན་ན་ངོས་འཛིན་གནང་མཁན་སུ་ཡང་ཡོད་པ་མ་རེད། དེ་འདྲ་སོང་ཙང་༧གོང་ས་མཆོག་གིས་ཆོས་ལ་སྐུར་འདེབས་ཙམ་མ་ཟད། བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་གནང་གི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། ཡང་པད་མ་འཕྲིན་ལས་ཀྱིས་གལ་སྲིད་༧གོང་ས་མཆོག་གིས་ཡང་སྲིད་ཕེབས་ཀྱི་མ་རེད་གསུངས་པ་ཡིན་ན། དེ་འདྲ་ཡོང་ཐབས་མེད་སྐོར་དང་བོད་བརྒྱུད་ནང་པ་ཡིན་པ་སུས་ཀྱང་དེ་ལྟར་ཁས་ལེན་བྱེད་ཐབས་མེད་སྐོར་དང་། ལོ་རྒྱུས་ལ་བརྩི་བཀུར་དང་བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་བྱེད་རྒྱུ་མེད་སྐོར་བརྗོད་ཡོད་པ་རེད།
ད་ཐེངས་རྒྱ་ནག་གུང་ཁྲན་ཏང་གིས་བསྐོ་བཞག་བྱས་པའི་བོད་རང་སྐྱོངས་ལྗོངས་ཞེས་འབོད་པའི་འགོ་ཁྲིད་པད་མ་འཕྲིན་ལས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་སྐོར་གླེང་སློང་བྱས་པ་དེས་༧གོང་ས་མཆོག་གིས་ནམ་ཀུན་ནས་བཀའ་གནང་བ་བཞིན་༧གོང་ས་མཆོག་གང་ཉིད་ལས་ཆོས་མེད་སྨྲ་བ་གུང་ཁྲན་ཏང་ལ་༧གོང་ས་མཆོག་གི་ཡང་སྲིད་སྐོར་བློ་འཚབ་ཆེ་བ་ཡོད་སྐོར་བཀའ་གནང་བ་དེ་སླར་ཡང་དངོས་བདེན་ར་འཕྲོད་བྱུང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།