༸གོང་ས་མཆོག་གི་མཛད་འཆར་སྐོར་གྱི་དྲ་རྒྱ།
2009.12.03
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་མི་དམངས་ཚོས་མཁྱེན་རྟོགས་ཡོང་སླད་དུ་བཟོ་སྐྲུན་གནང་བའི་ད་ཡོད་དྲ་རྒྱ་དེ་བཞིན་བསྐྱར་ཏུ་གསར་པ་བཟོ་བཀོད་གནང་ཡོད་པ་རེད། དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་བཟོ་སྐྲུན་གནང་བའི་ད་ཡོད་༧གོང་ས་མཆོག་གི་མཛད་འཆར་སྐོར་གྱི་གནས་ཚུལ་བལྟ་རྒྱུ་ཡོད་པའི་ཏཱ་ལའི་བླ་མ་ཞེས་པའི་དྲ་རྒྱའི་བཟོ་བཀོད་ཆ་ཚང་བ་གསར་པ་བཅོས་སྒྲིག་གནང་སྟེ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་མོ་དེ་ནི་སྤྱི་ལོ་༡༩༨༩ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་དུ་ཆེ་ཐོངས་ལྡན་པའི་ནོ་བེལ་ཞི་བདེའི་གཟིངས་རྟགས་ཕུལ་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་ཚེགས་ཁྱད་པར་ཅན་གྱི་ཉིན་མོ་དང་སྟབས་བསྟུན་གྱིས་འགོ་འཛུགས་གནང་རྒྱུ་ཡིན་པ་རེད། ད་ཡོད་ཀྱི་དྲ་རྒྱའི་ནང་དུ་༧གོང་ས་མཆོག་ཆིབས་བསྒྱུར་དང་ཆོས་འབྲེལ་སྐོར་གྱི་གསར་འགྱུར་གསར་པ་བལྟ་ཀློག་བྱ་རྒྱུ་ཡོད་པ་དང་གསུང་འཕྲིན་དང་བཀའ་སློབ། གསུང་ཆོས་ཀྱི་མཛད་འཆར་སོགས་གཟིགས་རྒྱུ་ཡོད་ཅིང། ད་རེས་བཅོས་སྒྲིག་གནང་བའི་དྲ་རྒྱའི་བཟོ་བཀོད་གསར་པ་དེའི་ནང་༧གོང་ས་མཆོག་གི་མཛད་འཕྲིན་ལ་སོགས་པའི་གནས་ཚུལ་རྣམས་མི་དམངས་ཚོས་མང་བ་མཁྱེན་རྟོགས་ཡོང་རྒྱུ་དང་ཁ་གསལ་བ། བལྟ་ཀློག་བྱེད་བདེ་བ། དྲ་རྒྱའི་ནང་འཛུལ་བདེ་བ་སོགས་ཀྱི་ཆ་རྐྱེན་གསར་པ་སྐྲུན་གནང་ཡོད་པ་རེད། ད་ལྟའི་དུས་རབས་དེའི་ནང་དུ་དམག་འཁྲུགས་དང་འཐབ་རྩོད་ཀྱི་འཛམ་གླིང་དེའི་ནང་དུ་༧གོང་ས་མཆོག་གི་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཐོག་དང་འགྲོ་བ་མིའི་སེམས་རྒྱུད་དུ་བྱམས་དང་སྙིང་རྗེ་འཕེལ་ཐབས། འཚེ་མེད་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་སྐོར་ལ་མཛད་འཕྲིན་བསྐྱང་གནང་ཡོད་པ་བཞིན་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་བསྒྱུར་བསྐྱང་ཡང་༧གོང་ས་མཆོག་གི་མཛད་འཕྲིན་གྱི་ཐོག་ལ་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཞུ་གི་ཡོད་པ་རེད། ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་མོ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞིག་ཡིན་ལ་ཉིན་མོ་དེ་ནི་བོད་མི་ཚོར་མཚོན་ནའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟ་བར་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་ཀྱི་རླབས་ཆེན་གྱི་མཛད་ཇུས་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ཁྱད་པར་ཅན་ཞིག་ཀྱང་འཁེལ་ཡོད་པ་རེད།