༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་ངོ་རྒོལ།
བར་ལམ་ཟླ་ཤས་སྔོན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་གནང་སྐབས། རྒྱ་གར་གྱི་བྱིས་པ་ལོ་ཆུང་ཞིག་གིས་༧གོང་ས་མཆོག་གི་སྐུ་ལ་འཐམ་ཙམ་གནང་ཆོག་པའི་རེ་བ་ཞུས་དོན་༧གོང་ས་མཆོག་གིས་ཞལ་བཞེས་མཛད་དེ། སྐུ་རྩེད་དང་སྦྲགས་དབུ་ཐུག་དང་བྱམས་གཟིགས་གནང་བར། ཟླ་བ་གཉིས་མན་ཙམ་གྱི་རྗེས་སུ་རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ནང་སྦིར་བསྒྲགས་དང་འབྲེལ། ༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་སོགས་བྱེད་མཁན་བྱུང་ཡོད་པར་བརྟེན། སྤྱི་སྒེར་མང་པོས་༧གོང་ས་མཆོག་ལ་རྒྱབ་སྐྱོར་དག་སེལ་གྱི་ཡོངས་བསྒྲགས་སྤེལ་མུས་ལྟར། སྤྱི་ཟླ་༤པའི་ཚེས་༡༤ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཡོངས་བསྒྲགས་ཤིག་སྤེལ་བའི་ནང་“བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་།
ལྷག་དོན་༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རྒྱ་ནག་དམར་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་ནང་གི་བརྒྱུད་ལམ་དང་། གང་ཟག་སྒེར་སོགས་རྣམ་པ་འདྲ་མིན་བེད་སྤྱོད་ཀྱིས་རང་རེའི་སྤྱི་ཚོགས་གཏོར་བཤིག་དང་ཉམས་དམས་སུ་གཏོང་རྒྱུའི་སྲིད་བྱུས་ངན་པ་སྤེལ་བཞིན་ཡོད་པས། དེ་འདྲའི་གནས་ཚུལ་ཡོང་བའི་དུས་སུ་ཚང་མས་གཞན་ཟེར་གཡམ་རྒྱུགས་སུ་མི་འགྲོ་བར་ཕྱི་ནང་གསང་གསུམ་ལ་དོ་སྣང་དང་། བབ་བརླིང་བརྟན་གསུམ་གྱི་སྒོ་ནས་གདོང་ལེན་བྱ་རྒྱུ་གལ་ཆེར་མཐོང་།”ཞེས་འཁོད་ཡོད་པ་དང་།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྤྱི་ཚེས་༡༣ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་ཀྱང་། བརྙན་ཐུང་དེ་ཐོག་མར་བསྐྱར་དུ་འགྲེམས་སྤེལ་མཁན་ནི། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་གིས་“ད་ཆ་དོན་རྐྱེན་འདིའི་རྐྱེན་བྱས་ཏེ་ཕོག་ཐུག་ཤོར་ཡུལ་སུ་ཆགས་འདུག་གམ། ཨ་མ་དང་ཕྲུ་གུ་གཉིས་ནི་རེད་མི་འདུག། ཁོང་ཚོས་མ་འདོད་པའི་རྣམ་འགྱུར་གང་ཡང་བསྟན་མེད། འདིར་ཕོག་ཐུག་ཤོར་ཡུལ་ངོ་མ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆགས་ཡོད། དེར་ང་ལ་མཐའ་སྡོམ་གཉིས་ཡོད། དང་པོ་དེ་ང་ཚོས་ཉམས་ཞིབ་བྱས་པར་བརྙན་ཐུང་ཐོག་མར་བསྐྱར་དུ་འགྲེམས་སྤེལ་བྱེད་མཁན་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཡིན་པ་ཤེས་རྟོགས་བྱུང་།”ཞེས་འགྲེལ་བརྗོད་གནང་ཡོད་ཅིང་།
གནས་ཚུལ་འདི་བྱུང་བར་བརྟེན་ནས་རྒྱ་གར་ནང་མོན་རྟ་དབང་ཁུལ་དང་། རྒྱ་གར་གྱི་ལ་དྭགས་བཅས་སུ་༧གོང་ས་མཆོག་ལ་གང་བྱུང་སྐུར་འདེབས་བྱས་མི་ཆོག་པའི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་མ་ཟད། དམིགས་བསལ་སྤྱི་ཚེས་༡༥ཉིན་ལ་དྭགས་སླེ་གྲོང་ཁྱེར་དུ་ཕྱི་ནང་གི་མི་མང་སྟོང་ཕྲག་མང་པོ་ཡར་ལངས་ཀྱིས། ༧གོང་ས་མཆོག་ལ་སྐུར་བ་འདེབས་མཁན་ཚོའི་རྒྱབ་ལྗོངས་ལ་རྒྱ་གར་གཞུང་གིས་ཞིབ་འཇུག་བྱེད་དགོས་པའི་རེ་འབོད་ལས་འགུལ་ཀྱང་སྤེལ་ཡོད་ལ། ལ་དྭགས་ས་གནས་སུ་རྟེན་གཞི་ཆགས་པ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀུན་བཟང་བདེ་ཆེན་གྱིས། ལས་འགུལ་སྐབས་ལ་དྭགས་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི་དང་རི་ལྗོངས་ཡར་རྒྱས་ཚོགས་པ། ནང་པའི་ཚོགས་པ་དང་ཁ་ཆེའི་ཆོས་རྒྱུད་ཁག་གི་ཚོགས་གཙོ་སོགས་ཚང་མས། མཐའ་གཅིག་ཏུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་ངོ་རྒོལ་ཡོད་ཅེས་གསལ་སྟོན་གནང་བ་འགྲེལ་བརྗོད་གནང་གི་འདུག
ཡང་བཞུགས་སྒར་རྡ་རམ་ས་ལར་སྤྱི་ཚེས་༡༥ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པ་ནས་ཀྱང་། ༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱས་མི་ཆོག་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་གནས་ཚུལ་འདི་སྦིར་གྲགས་ཆེན་པོ་བྱུང་བ་ནས་བཟུང་སྨན་རིའི་༧ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག། ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཆོག། དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སོགས་ནས་ཀྱང་གསུང་འཕྲིན་རིམ་ཅན་དུ་སྩལ་ཡོད་པ་རེད།