ཨ་རིའི་བོད་ཐོག་གི་ཁྲིམས་དེ་རྒྱ་ནག་གི་བྱ་སྤྱོད་ལས་གྲུབ་པ་རེད།


2018.12.20
ཨ་རིའི་བོད་ཐོག་གི་ཁྲིམས་དེ་རྒྱ་ནག་གི་བྱ་སྤྱོད་ལས་གྲུབ་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ།
Flickr

 

བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་སྤྱི་མོས་རྒྱབ་སྐྱོར་གནང་སྟེ་། ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམྤ་མཆོག་གིས་མཚན་རྟགས་བཀོད་གནང་སྟེ་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གྱུར་བར། རྒྱ་ནག་གཞུང་གིས་དེར་སེམས་ཐག་གཙང་བཅད་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཁྲིམས་དེས་རྒྱ་ནག་དང་ཨ་མི་རི་ཀ་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་འཚེ་ཡོང་རྒྱུ་མ་ཟད། རྒྱ་ནག་རྒྱལ་ནང་གི་སྲིད་བྱུས་ལ་ཐེ་ཇུས་བྱས་པ་ཞིག་རེད་ཅེས་རྒྱ་གཞུང་གིས་སྐྱོན་བརྗོད་བྱས་འདུག འོན་ཀྱང་ཨ་མི་རི་ཀའི་ངོས་ནས་ཨ་རིའི་ཁྲིམས་གཞི་འདི་འདྲ་ཞིག་གཏན་ལ་ཕབ་པ་དེ་ནི། རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་དང་དེ་མིན་གྱི་བོད་ཀྱི་ས་ཁུལ་ཁག་ཏུ་ཨ་མི་རི་ཀའི་གསར་འགོད་པ་དང་། ཕྱི་འབྲེལ་དཔོན་རིགས་མི་སྣ། ཨ་རིའི་ནང་གི་མི་སེར་འགྲོ་བསྐྱོད་མ་བཅུག་པའི་གྲུབ་འབྲས་ལ་ངོས་འཛིན་གནང་གི་འདུག དེའང་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་དྲི་བ་ཕུལ་བར་ཡིག་ཐོག་ལན་འདེབས་གནང་བའི་ནང་། རྒྱལ་ཁབ་མང་པོས་ཨ་མི་རི་ཀའི་ནང་དུ་འགྲོ་འོང་གི་ཆ་རྐྱེན་བསྐྲུན་པ་བཞིན། རྒྱ་ནག་ནས་ཀྱང་རྒྱལ་ཁབ་གཞན་མང་པོར་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་སྤྲོད་པ་དང་གཅིག་མཚུངས་ཤིག་ཡོང་བར་ཨ་རིས་དགོས་འདུན་བཏོན་གྱི་ཡོད་རེད་ཅེས་དང་། རྒྱ་ནག་གི་མངའ་ཁོངས་སུ་ཚུད་པའི་བོད་རང་སྐྱོང་ལྗོངས་དང་བོད་མིའི་ས་ཁུལ་ཁག་ནང་དུ་ཨ་རིའི་གསར་འགོད་པ་དང་། ཕྱི་འབྲེལ་སོགས་ཀྱི་མཐོ་གྲས་དཔོན་རིགས། སློབ་ཕྲུག་དང་མི་སེར་གཞན་ཁག་ལ་འགྲོ་སྐྱོད་ཀྱི་ཐོངས་མཆན་སྤྲོད་ཀྱི་མེད་པའི་ཐད་ལ་ཐུགས་འཚབ་ཡོད་ཅེས་གསུང་གི་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ད་དུང་མུ་མཐུད་གསུངས་དོན། ང་ཚོའི་ལས་འགུལ་དེ་ནི་བོད་ནང་དུ་འགྲོ་འོང་གི་ཆ་རྐྱེན་རྒྱུན་རིང་ནས་མེད་པ་དེར་འགྱུར་བ་ཞིག་ཡོང་བའི་གྲུབ་འབྲས་ཤིག་རེད་ཅེས་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ཀྱི་ངོས་ནས་ཨ་རི་བ་རྣམས་བོད་ཀྱི་ས་ཁུལ་དུ་འགྲོ་འོང་ཐུབ་པ་ཞིག་ཏུ་གཟིགས་འདོད་ཡོད་པ་ནང་བཞིན་གྱི་ལྟ་ཕྱོགས་ཤིག་འཛིན་གྱི་ཡོད་ཅེས་བཀོད་གནང་འདུག
ཡང་ཨ་མི་རི་ཀའི་ཆེས་མཐོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་མཚན་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་སྟེ། ཨ་རིའི་སྲིད་འཛིན་གྱིས་ཁྲིམས་འཆར་དེར་མཚན་རྟགས་བཀོད་ནས་རྒྱབ་སྐྱོར་གནང་བ་དེར་དགའ་བསུ་ཞུས་གནང་བ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དེ་མིན་གྱི་ཨ་མི་རི་ཀའི་ནང་ནས་བོད་མི་མང་པོ་ཞིག་གིས་དེའི་ཆེད་དུ་སྐུ་ལས་བསྐྱོན་པར་ལེགས་བརྗོད་གནང་གི་འདུག དེ་ཡང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ད་རེས་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་བཅས་ཚང་མས་མཉམ་རུབ་ཀྱིས་ཁྲིམས་གཞི་འདི་འདྲ་ཞིག་གཏན་འབེབས་གནང་ཐུབ་པར་དགའ་བསུ་ཞུ་གིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ད་དུང་མུ་མཐུད་གསུངས་དོན། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་དུས་ཡུན་རྒྱས་བཅད་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་ཐད་ལ་འགོག་རྐྱེན་བཟོ་མཁན་གྱི་རྒྱ་ནག་གཞུང་གི་བྱེད་གཏེ་མི་སྣ་རྣམས་ལ་བཀག་རྒྱ་བསྡམས་དགོས་པ་དེ་དག་མཇུག་སྐྱོང་གནང་རྒྱུའི་ཁོངས་སུ་ཡོད་སྐོར་སོགས་མདོར་ན་ད་དུང་ཡང་འདིའི་ཐོག་ལ་བལྟ་ཞིབ་མུ་མཐུད་གནང་རྒྱུའི་ལས་དོན་གནང་ཡག་བསྡད་ཡོད་ཅེས་གསུང་ཡོད་པ་རེད།
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་མེ་ཏིའོ་མེ་ཀ་ཅི་ཡིས་ཁྲིམས་འདི་ནི་རྒྱ་ནག་མི་སེར་སོགས་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་བྱེད་རྒྱུ་དེ་གཙོ་བཟུང་མིན་པར།  ཨ་རིའི་ནང་གི་བོད་མི་དང་། དེ་བཞིན་ཨ་རིའི་དཔོན་རིགས་། གསར་འགོད་པ་སོགས་བོད་ནང་དུ་འགྲོ་ཐུབ་པ་ཡོང་རྒྱུ་དེ་གཙོ་བཟུང་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།།
གསར་འགོད་པ་བཀྲིས་དབང་ཕྱུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎