ཚེ་རིང་མཚོར་བཙན་གཡེམ་རྗེས་བཀྲོངས་པའི་ངོས་འཛིན་བྱས་འདུག
2016.08.26
ཚེ་རིང་མཚོ་ལགས་སུ་གཙན་གཡེམ་བྱས་རྗེས་བཀྲོངས་བ་ཡིན་པ་ནང་མི་ཚོས་རྒྱལ་སྤྱིའི་གསར་འགོད་པར་ངོ་སྤྲོད་གནང་འདུག
ཉེ་བའི་ཕྱི་ཟླ་༧་པའི་ནང་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་རྒྱང་སྲིང་ཟིན་པ་ལྟར། སྔ་ལོ་༢༠༡༥་ལོའི་ཕྱི་ཟླ་༡༠་པའི་ཚེས་༥་ཉིན། ད་ལྟའི་ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཀར་མཛེས་རྫོང་ཚ་ལུང་ཡུལ་ཚོའི་དཀྱེལ་ཆེན་རུ་ཁག་གཉིས་བ་ར་རྒྱ་སྡེ་པའི་འབྲོག་མོ་ཚེ་རིང་མཚོ་ཞེས་པ་ཞིག་གློ་བུར་རང་ཤི་རྒྱབ་པའི་གནས་ཚུལ་བྱུང་ཡོད་ལ། ད་ལྟ་དེ་ནི་ཁུལ་དེའི་བླ་མ་གནས་ནང་སྤྲུལ་སྐུ་དང་། ས་གནས་རྒྱ་ནག་གི་ཉེན་རྟོག་པ་རྡོ་རྗེ། ཚེ་རིང་བཅས་ནས་ཉིན་གཅིག་གི་གོང་ཁོ་མོར་བཙན་གཡེམ་བྱས་ནས་བསད་པ་ཡིན་པ་བུ་མོ་འདས་པོའི་ཕ་མ་དང་གཉེན་ཚན་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དེ་རིང་ཕྱི་ཟླ་༨་པའི་ཚེས་༢༦་ཉིན་ཨ་རིའི་Washington Post་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། བུ་མོ་ཚེ་རིང་མཚོ་འདས་བོའི་མ་ཨ་སྡེ་ལགས་ཀྱིས། ཁོ་རང་གི་བུ་མོ་མ་གྲོངས་གོང་གཟུགས་པོ་བདེ་ཐང་ཡིན་ཐོག་རྣམ་རྒྱུན་སྣང་བ་སྐྱིད་པོ་སྡོད་མཁན་ཞིག་ཡོད། བུ་མོས་རང་སྲོག་ནམ་ཡང་བཅད་ཀྱི་མ་རེད། ངའི་བུ་མོར་བཙན་གཡེམ་བྱས་རྗེས་དམར་བསད་བཏང་བ་དང་། དེའི་ཐོག་གཞུང་ཕྱོགས་ནས་དྲང་བདེན་གྱི་ཞིབ་དཔྱོད་བྱ་རྒྱུའི་ཚབ་ལ་ནག་ཉེས་མེད་པའི་མི་མང་པོ་ཞིག་དོན་མེད་བཙོན་འཇུག་བྱས་སོང་ཅེས་ས་གནས་་སཐོག་ལ་འབྱོར་བའི་Washington Post་ཡི་གསར་འགོད་པར་འགྲེལ་བརྗོད་གནང་འདུག
ད་དུང་ཚེ་རིང་མཚོའི་ནང་མི་ཚོས། ཁོང་ཚོས་བཏོན་པའི་དགོས་འདུན་དེ་ནི་ཆབ་སྲིད་རྩ་བ་ནས་མིན་སྐོར་གསུངས་སྟེ། གཞུང་ཕྱོགས་ནས་བོུ་འདས་གྲོངས་ཕྱིན་པའི་དོན་རྐྱེན་ལ་རྟོག་ཞིབ་ཀྱིས་དོགས་གཞི་ཡོད་པའི་གནས་ནང་སྤྲུལ་སྐུ་དང་། ཉེན་རྟོག་པ་གཉིས་ལ་དྲང་བདེན་གྱི་སྒོ་ནས་ཁྲིམས་བཅོད་བྱ་དགོས་རྒྱུ་དང། མ་ཉེས་ཁ་གཡོག་འོག་གིས་འཛིན་བཟུང་བྱས་པའི་བོད་མི་ལྔ་བོ་དེ་རྣམས་གློད་བཀྲོལ་གཏོང་དགོས་པའི་སྐོར་འབོད་སྐུལ་གནང་འདུག།
ན་ནིང་གི་སྤྱི་ཟླ་༡༠་པའི་ཚེས་༤་ཉིན་དཀར་མཛེས་རྫོང་ཚ་ལུང་ཡུལ་ཚོའི་དགེ་རྩེ་གྲྭ་ལག་དགོན་པའི་ནང་གནས་ནང་སྤྲུལ་སྐུ་ཟེར་བ་ཞིག་ཡོད་པ་དེས། དགའ་རོགས་ཚེ་རིང་མཚོ་ཞེས་པའི་བུད་མེད་ལོ་༢༧་ཅན་དེ། ཁོང་གི་རྩར་ཡོང་དགོས་ཚུལ་བོས་བ་ལ་ལྟར། ཕ་རྒན་གྱིས་བསྐྱལ་ནས་ཕྱིན་ཡོད་པ་དང་། སྐབས་དེར་གནས་ནང་སྤྲུལ་སྐུ་དང་ཡུལ་ཚོ་དེའི་ས་གནས་རྒྱ་ནག་གི་མངགས་གཏོང་ཁང་གི་ཉེན་རྟོག་པ་རྡོ་རྗེ་དང་། ཚེ་རིང་ཟེར་བ་གསུམ་གྱིས་ཨ་རག་འཐུང་ནས་ཡོད་པ་ཚེ་རིང་མཚོའི་ཨ་ཕའི་མཐོང་ཡོད་འདུག་ལ། ཉིན་གཉིས་པར་ཚེ་རིང་མཚོ་ཟླ་ཐ་མའི་ཟམ་ཁར་རང་ཤི་རྒྱབ་ལྕེབས་པའི་གནས་ཚུལ་བྱུང་ནས། ཁོ་མོའི་ཉེ་འབྲེལ་ཚོས་བེམ་པོར་བདག་པོ་རྒྱག་སྐབས་ཁོ་མོའི་སྐེ་ཚིགས་ཕུད་ཡོད་པ་དང་། བུད་མེད་དེའི་གདོང་ལ་བྱུགས་རྫས་བསྐུས་བ་དང་ལུས་ལ་དོར་མ་གོན་ནས་རྐེ་ལ་ཐག་པའི་དཔྱངས་ཏེ་ཟམ་ཁ་ནས་རང་ཤི་རྒྱབ་པའི་ཚུལ་བྱས་ཡོད་ཀྱང་། དོན་དངོས་ཐོག་དང་པོར་བསད་ནས་དེ་ལྟར་བསམ་བཞིན་བཟོས་བར་དོག་པ་ཟོས་ཏེ། བོུའི་གཉེན་ཚན་དང་སྡེ་པ་གཅིག་པའི་མི་མང་ཚོས། ས་གནས་ཉེན་རྟོག་ལས་ཁང་དུ་ཉེན་རྟོག་པ་གཉིས་པོར་ཚེ་རིང་མཚོ་གྲོངས་རྐྱེན་དང་། གནས་ནང་སྤྲུལ་སྐུ་གར་སོང་སྐད་ཆ་དྲིས་སྐབས། ཉེན་རྟོག་པ་ཕོ་གསར་གཉིས་ཀྱིས་ཁོང་ཚོས་མི་ཤེས་ཟེར་བ་ཙམ་ལས་གསལ་བཤད་མ་བྱས་པར། དོན་རྐྱེན་དེ་ནི་བོུ་རང་ཉིད་ནས་རང་ཤི་རྒྱབ་ཡོད་པ་འགྲེལ་བརྗོད་བྱས་འདུག། བོུ་འདས་པོའི་ནང་མི་གཉེན་ཚན་ཚོས་ཉེན་རྟོག་པའི་འགྲེལ་བཤས་ལ་ཡིད་ཆེས་མ་བྱས་པར་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ས་གནས་ཉེན་རྟོག་པས་བརྗོད་ན། ཁོང་ཁྲོ་ལངས་བའི་མང་ཚོགས་ཀྱིས་ཉེན་རྟོག་ལས་ཁང་གི་སྒེ་ཁུང་གཅག་གཅོར་བཏང་ཡོད་ལུགས་བརྗོད་འདུག།
ཚེ་རིང་མཚོ་འདས་གྲོངས་ཕྱིན་པའི་ཉིན་ལྔའི་རྗེས་སུ་ཕུང་པོ་བསྲེག་སར་གོ་མཚོན་ཐོག་པའི་རྒྱ་མིའི་དམག་མི་༡༠༠༠་ཙམ་འབྱོར་ནས། བོུའི་གཉེན་ཚན་རྣམས་ཀྱི་གཙོས་ས་གནས་མང་ཚོགས་ལ་གཅར་རྡུང་བཏང་བའི་མཐར་གྲོངས་མཁན་དེ་དང་སྡེ་པ་གཅིག་པའི་མི་༤༠ལྷག་ཙམ་འཛིན་བཟུང་གིས་མི་རེ་རེ་བཞིན་བཞིན་ལག་པ་བསྡམས་ནས། ལྕགས་དབྱུག་གིས་ཉེས་རྡུང་བཏང་རྗེས་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཙན་ཁྲིད་བཀག་ཉར་གྱིས་ཟླ་ཤས་རྗེས་གློད་བཀྲོལ་བཏང་ཡོད་རུང། ཁོང་ཚོའི་ནང་ནས་ཚེ་རིང་མཚོའི་གཉེན་ཚན་ཚེ་རིང་བསྟན་སྲུང་དང་། བློ་དགའ། དབང་པོ། ཞིང་སྐྱོང་། ཚུལ་ཁྲིམས་ཤེས་རབ་བཅས་མི་ལྔ་ལ་ད་ལོའི་སྤྱི་ཟླ་ལྔ་བའི་ཚེས་༢༠་ཉིན་སོ་སོར་དཀར་མཛེས་རྫོང་གི་ཁྲིམས་ཁང་གིས་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་ལྕགས་མོ་འཚོ།