༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྲུབ་པ་ལྟ་བུ་ཞིག་བྱུང་ཞེས། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ Rajiv Shakdher ལགས་ཀྱིས་གསུངས་པ།

2024.10.11
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྲུབ་པ་ལྟ་བུ་ཞིག་བྱུང་ཞེས། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ Rajiv Shakdher ལགས་ཀྱིས་གསུངས་པ། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ར་ཇིལྦ་ཤག་དྷེར། ༢༠༢༤།༡༠།༡༡ ཉིན།
RFA/ Tenzin Lekmon

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩ པ་མ་ཟིན་ཙམ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ར་ཇིལྦ་ཤག་དྷེར་ Rajiv Shakdher ལགས་སུ་མཇལ་ཁ་སྩལ་གནང་སོང་བ་དང་། མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་སྐུ་ཞབས་ Rajiv Shakdher ལགས་སུ་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པའི་སེམས་ཚོར་ཇི་བྱུང་དང་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་ང་དང་ངའི་བཟའ་ཟླ་དེ་བཞིན་ངའི་ལས་རོགས་ཁག་ཅིག་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུ་ཆེད་དུ་བཅར་ཡོད་པ་དང་། ང་ལ་མཚོན་ན་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པས། ༸མགོན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་ནི་བསམ་ཡུལ་ལས་འདས་པ་དང་ངའི་མི་ཚེའི་ནང་གི་རྨི་ལམ་ཞིག་དེ་རིང་མངོན་སུམ་དུ་གྲུབ་པ་ལྟར་བརྗོད་དཀའ་བའི་ཚོར་བ་སྐྱིད་པོ་ཞིག་བྱུང་ལ། དེ་རིང་༸གོང་ས་མཆོག་གིས་བདེ་སྐྱིད་ཀྱི་སྙིང་པོ་གཙོ་བོ་ནི་ཞི་བདེ་ཡིན་ཞེས་བཀའ་སྩལ་སོང་བ་ནི་ངའི་མི་ཚེ་གང་བོའི་ནང་ཕན་རླབས་ཅན་ཞིག་ཏུ་གྱུར་སོང་ཞེས་དང་། བོད་མི་རྣམས་ནི་རྒྱ་གར་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོད་ཅིང་། ༸མགོན་པོ་མཆོག་ནས་ཀྱང་གསུངས་དོན་ལ་གང་ཉིད་མཆོག་རྒྱ་གར་དུ་བཞུགས་དོན་གཙོ་བོ་གཅིག་ནི་རྒྱ་གར་ནས་ཆོས་ལུགས་ཚང་མར་གཅིག་མཚུངས་ཀྱི་གུས་བརྩི་དང་ཆེ་མཐོང་སྤྲད་ཀྱི་ཡོད་པར་བརྟེན་ཡིན་པ་དང་། སྤྱིར་མགོན་པོ་མཆོག་གི་མཇལ་ཁ་ཞུས་མཁན་ཤིན་ཏུ་ནས་མང་པོ་ཡོད་པས་མཇལ་ཁ་ཐོབ་རྒྱུ་དཀའ་ཡང་། གལ་སྲིད་ང་ལ་མ་འོངས་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ན་ངའི་བུ་ཕྲུག་དང་ནང་མི་ཆ་ཚང་ལྷན་དུ་མགོན་པོ་མཆོག་གི་མཇལ་ཁ་ཞུ་ཆེད་དུ་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཅེས་གསུངས་བྱུང་།

༸གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་སྐུ་ཞབས་ Rajiv Shakdher ལགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ཞུས་གནང་སོང་བ་དང་། ཐེངས་འདིར་ཁོང་དང་ལྷན་དུ་རྒྱ་གར་གྱི་ཀང་རྭ་རྫོང་གི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ནས་ཀྱང་ལྷན་བཅར་ཞུས་གནང་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎