དུས་ཟིང་འགོག་ཐབས་སུ་དགེ་རྒན་ཚོས་སློབ་མར་ཆུ་ཚོད་ཉེར་བཞིའི་རིང་ལྟ་སྲུང་དགོས་པའི་དམ་དྲག།
2019.03.15
ཕྱི་ཟླ་གསུམ་པའི་ནང་རེབ་གོང་ཁུལ་གྱི་སློབ་གྲྭ་ཁག་དུ་ཉིན་མཚན་བསྟུད་མར་དགེ་རྒན་དང་ཏང་ཡོན་ལས་བྱེད་ཚོས་སློབ་མ་དང་ས་ཁུལ་མི་དམངས་ལ་ལྟ་སྲུང་བྱེད་དགོས་པ་བཟོས་འདུག
ཕྱི་ཟླ་གསུམ་པ་འདི་ནི་རྒྱ་ནག་གཞུང་གིས་བོད་ནང་བདེ་འཇགས་ཀྱི་ཟླ་བ་ཞེས་དམིགས་བསལ་དོ་སྣང་བྱ་ཡུལ་ཞིག་ཏུ་བརྩིས་བཞིན་ཡོད་ཅིང་། དམིགས་བསལ་གསུམ་བཅུའི་དུས་དྲན་ཉིན་མོའི་གཡས་གཡོན་དུ་དུས་ཟིངས་མི་ཡོང་ཆེད། བོད་ནང་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རེབ་གོང་ཁུལ་དུ་ཡོད་པའི་སློབ་གྲྭ་ཁག་གི་ནང་རྒྱ་ནག་གི་བཀའ་རྒྱ་གཞིར་བཟུང་དགེ་རྒན་རྣམས་རེས་མོས་ཀྱིས་ཆུ་ཚོད་༢༤་རིང་སློབ་མ་རྣམས་ཀྱི་འགྲོ་འདུག་ཉལ་གསུམ་ལ་ལྟ་རྟོག་ནན་མོ་བྱེད་བཞིན་པ་དང་། དེ་བཞིན་སྡེ་བ་སོ་སོའི་ནང་ཏང་ཡོན་ཚོར་ས་སོའི་ས་ཁུལ་གྱི་གནས་བབས་ལ་ལྟ་རྟོག་ནན་པོ་བྱེད་པའི་འགན་སྤྲད་ཡོད་པ་བོད་ནས་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་བྱས་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད
རྒྱ་ནག་གཞུང་འབྲེལ་ལས་ཁུངས་ཀྱི་བཀའ་རྒྱ་བཏང་པ་དེའི་ནང་། གལ་ཏེ་སློབ་གྲྭའི་ནང་དར་ཆ་བསྒྲེངས་མཁན་དང་ཟིངས་ཆ་སློང་མཁན་གྱི་གནས་ཚུལ་འདྲ་འབྱུང་ཚེ་ལྟ་རྟོག་མཁན་དགེ་རྒན་རྣམས་ལས་གནས་ནས་ཕྱིར་ཕུད་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་འདུག་ཅིང་། དེ་བཞིན་གྲོང་སྡེ་སོ་སོའི་ནང་གི་ལས་བྱེད་ཏང་ཡོན་པ་རྣམས་ལ་ཡང་རྒྱལ་ཁབ་ཀྱིས་འགན་སྤྲད་དེ་ཟླ་བ་འདིའི་གལ་ཏེ་རང་ལུས་མེར་སྲེག་གི་གནས་ཚུལ་འདྲ་འབྱུང་བའམ། ཡང་ན་ཟིངས་ཆ་སློངས་བ་དང་རྒྱལ་ཁབ་ལ་ངོ་ལོག་བྱེད་པ་གསུམ་བཅུའི་དུས་དྲན་དང་གསུམ་གཅིག་བཞིའི་ཉིན་མོ་བཅས་ལ་མང་ཚོགས་འདུ་འཛོམས་བྱེད་པ་དང་། བསང་གསོལ་གཏོང་བ་སོགས་བྱས་ཚེ་ཐད་ཀར་རྒྱལ་ཁབ་ལ་ལན་སྤྲོད་དགོས་བའི་འགན་སྤྲད་ཡོད་པ་ཡང་བོད་ནང་གི་བོད་མི་དེས་བརྗོད་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་རེབ་གོང་ཁུལ་སྡོད་བཞིན་པའི་འབྲེལ་ཡོད་མི་སྣ་ཁ་ཤས་ལ་དྲ་ལམ་དང་ཁ་པར་གྱི་ལམ་ནས་འབྲེལ་བ་བྱས་དེ་རྒྱུས་ལོན་བྱས་བའི་སྐབས་སུ། ཁོང་ཚོའི་ངོས་ནས་གནས་སྐབས་རིང་དྲ་རྒྱ་དང་ཁ་པར་བེད་སྤྱོད་གཏོང་བ་ཙམ་ལས་ཁ་བརྡ་བྱེད་རྒྱུར་ཧ་ཅང་གི་སྟབས་བདེ་མ་རེད་ཅེས་ལན་འདེབས་བྱས་འདུག