ཧྲང་ཧད་དུ་ཚོགས་རྒྱུའི་མངའ་ཁུལ་རྒྱལ་ཁབ་དྲུག་གི་ཚོགས་འདུ།
2009.09.29
༄༅༎ར་ཤི་ཡའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཏིན་ཕྱི་ཟླ་བཅུ་པའི་ཚེས་བཅུ་གཉིས་ནས་བཅུ་བཞི་བར་རྒྱ་ནག་ཏུ་ཚུགས་རྒྱུའི་ཧྲང་ཧད་མཉམ་འབྲེལ་ལྷན་ཚོགས་ཞེས་པ་མངའ་ཁུལ་གྱི་རྒྱལ་ཁབ་དྲུག་གི་སྲུང་སྐྱོབ་ཀྱི་ཚོགས་འདུར་བསྐྱོད་རྒྱུ་ཡིན་པ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་འདུག ཕྱི་ཟླ་བཅུ་གཅིག་པའི་ནང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་པ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཇིཡང་ལྦུས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་པར་གཞིགས་ན་ར་ཤི་ཡའི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོའི་དབར་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ཅིང་དེ་ཡང་གཙོ་བོ་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་དང་ལྷག་པར་དུ་མངའ་ཁུལ་གྱི་དཔལ་འབྱོར་ཉམས་གསོ་བྱ་ཕྱོགས་དང་ཕན་ཚུན་རོགས་སྐྱོར་བྱ་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུ་ཡིན་འདུག
ཧྲང་ཧད་མཉམ་འབྲེལ་ལྷན་ཚོགས་ཞེས་པ་དེའི་ནང་དེ་སྔོན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་གནས་པ་དབུས་ཨེ་ཤེ་ཡའི་ཡུལ་གྲུ་ཀ་ཛཀ་སི་ཐན་དང་ཀར་གིསི་ཐན་ ཏ་ཇི་ཀི་སི་ཐན་ ཨུཛ་སྦེ་ཀི་སི་ཐན་ དེའི་ཐོག་རྒྱ་ནག་དང་ར་ཤི་ཡ་བཅས་ཡོད་ཅིང་རྒྱ་གར་དང་ཨི་རན་ སོག་ཡུལ་ པ་ཀི་སི་ཐན་བཅས་ལ་ལྷན་ཚོགས་དེའི་ནང་ཟུར་ཉན་གྱི་ཐོབ་ཐང་ཡོད་པ་རེད།
གཟའ་ཉི་མའི་ཉིན་རྒྱ་ནག་སྲུང་སྐྱོབ་ལྷན་ཁང་ནས་གོང་གི་ཡུལ་གྲུ་དེ་དག་དང་རྒྱ་ནག་དབར་འཇིགས་སྐུལ་དྲག་སྤྱོད་པར་མཉམ་འབྲེལ་གྱི་གདོང་ལེན་ལས་འགུལ་སྤེལ་རྒྱུར་མོས་མཐུན་བྱུང་ལུགས་གསལ་བསྒྲགས་བྱས་འདུག།