ར་ཤི་ཡའི་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་གྲོས་མོལ་།
2012.06.05
༄༅༎ར་ཤི་ཡ་དང་རྒྱ་ནག་གཉིས་ཀྱི་མཉམ་ལས་ཀྱི་ནུས་པ་ཇེ་ཆེར་འགྲོ་བཞིན་པའི་དུས་འདིར་ར་ཤི་ཡའི་སྲིད་འཛིན་པུ་ཏིན་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་གཉིས་མཇལ་འཕྲད་གྲོས་མོལ་གནང་ཆེད་ ར་ཤི་ཡའི་སྲིད་འཛིན་པེ་་ཅིང་དུ་འབྱོར་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་ ར་ཤི་ཡ་དང་རྒྱ་ནག་གི་མཉམ་ལས་ཀྱི་ནུས་པ་དེ་ནི་གཙོ་བོ་ ཨ་མི་རི་ཀའི་སྟོབས་ཤུགས་དང་ཤུགས་རྐྱེན་ལ་གདོང་ལེན་བྱེད་རྒྱུར་བེད་སྤྱོད་བྱེད་བཞིན་པ་དང་ དེ་བཞིན་ཡུལ་གྲུ་གཉིས་ཀྱི་མཉམ་འབྲེལ་ནུས་པ་དེའི་ཐོག་ནས་ སི་རི་ཡའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ཆེན་པོ་འབྱུང་བཞིན་པ་འགོག་ཐབས་སུ་བེད་སྤྱོད་བྱེད་བཞིན་ཡོད་པ་བརྗོད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་སྤྱི་ཚོགས་ནས་ སི་རི་ཡའི་སྲིད་འཛིན་དང་འགོ་འཁྲིད་ཚོས་ ཡུལ་དེའི་ནང་མི་དམངས་ཀྱིས་འདས་པའི་ཟླ་བ་བཅོ་ལྔའི་རིང་མང་གཙོའི་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དེའི་སྐབས་གདུག་རྩུབ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་སི་རི་ཡའི་གཞུང་གི་ཐོག་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་འགེལ་ཐབས་བྱེད་བཞིན་ཡོད་ཀྱང་ རྒྱལ་ཚོགས་ཀྱི་ནང་ཆོད་གན་འཕྲུ་སློག་གི་དབང་ཚད་ཡོད་པ་རྒྱ་ནག་དང་ར་ཤི་ཡ་གཉིས་ཀས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད།
ར་ཤི་ཡ་ནི་ སི་རི་ཡའི་སྲིད་འཛིན་སྦ་ཤར་ཨ་སའརྡ་གྱིས་སྣེ་འཁྲིད་པའི་གཞུང་དང་རྒྱུན་རིང་གི་གྲོགས་པོའི་འབྲེལ་ལམ་ཡོད་པ་དང༌། རྒྱ་ནག་གིས་སི་རི་ཡ་གཙོས་པའི་དཀྱིལ་ཤར་ཡུལ་གྲུའི་ནང་བྱུང་བཞིན་པའི་མང་གཙོའི་སྒེར་ལངས་ཀྱི་གནས་ཚུལ་དེ་རིགས་བོད་དང་ཤིན་ཅང་ལྟ་བུའི་ནང་མི་ཡོང་བ་འགོག་ཐབས་ཆེད་དམིགས་ཏེ་སི་རི་ཡའི་ཐོག་བྱུང་བཞིན་པའི་སྐྱོན་བརྗོད་ཁག་ལ་རྩིས་མེད་གཏོང་བའི་བྱ་སྤྱོད་ཅིག་བཟུང་བཞིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ཨ་མི་རི་ཀའི་གཞུང་གིས་་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདོད་པ་ལྟར་སི་རི་ཡའི་སྲིད་འཛིན་གནས་དབྱུངས་གཏོང་ཐབས་སུ་ར་ཤི་ཡའི་སྲིད་འཛིན་གྱིས་མཉམ་འབྲེལ་ཡོང་ཐབས་གནང་བཞིན་ཡོད་ཀྱང༌། ར་ཤི་ཡའི་སྲིད་འཛིན་གྱིས་དེ་ལས་ལྡོག་སྟེ་ ཨ་མི་རི་ཀའི་སྟོབས་ཤུགས་ལ་གདོང་ལེན་བྱེད་ཆེད་དང༌། ནུབ་ཕྱོགས་མང་གཙོའི་ཡུལ་གྲུ་ཚོས་བརྗོད་བཞིན་པའི་ཆབ་སྲིད་ལས་དོན་ཕྱི་གསལ་ནང་གསལ་དང་སྤྱི་དམངས་ཀྱི་རང་དབང་བཅས་ལ་ཁ་གཏད་གདོང་ལེན་བྱ་རྒྱུར་རྒྱ་ནག་དང་མཉམ་འབྲེལ་གྱི་ནུས་པ་སྤུངས་རྒྱུའི་ཕྱོགས་སུ་འགྲོ་ཐབས་གནང་བཞིན་ཡོད་པ་རེད།