བོད་དུ་གཏེར་ཁ་བསྔོགས་འདོན་ལ་ངོ་རྒོལ།
2009.06.23
༄༅༎རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ལ་བོད་ཀྱི་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་མལ་འགྲོ་གོང་དཀར་རྫོང་རྒྱ་མ་ཤང་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་སྤེལ་བཞག
བོད་ནས་གནས་ཚུལ་འབྱོར་བ་ལུང་འདྲེན་བྱས་པའི་ནང་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་ཉིན་མལ་འགྲོ་གོང་དཀར་རྫོང་གི་རྒྱ་མ་ཤང་ཁུལ་དུ་རྒྱ་རིགས་གཏེར་ཁ་སྔོག་འདོན་བྱེད་མཁན་དང་ས་གནས་བོད་མིའི་བར་ལ་གཏེར་ཁ་སྔོག་པའི་བྱ་སྤྱོད་ཐོག་འཁྲུག་རྩོད་བྱུང་བའི་རྗེས་བོད་མི་གསུམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཏེ་དེའི་ནང་ནས་མི་གཅིག་ཚབས་ཆེའི་རྨས་སྐྱོན་ཕོག་ཏེ་མལ་འགྲོ་གོང་དཀར་རྫོང་སྨན་ཁང་ནས་སྨན་བཅོས་བྱེད་ཐབས་མ་བྱུང་བར་ལྷ་ས་གྲོང་ཁྱེར་སྨན་ཁང་དུ་བསྐྱལ་དགོས་པའི་གནས་སྟངས་བྱུང་ཡོད་པ་མ་ཟད་ད་ལྟ་བོད་མི་དེ་ཤི་སོན་གང་ཡིན་ཤེས་རྟོགས་མེད་པའི་སྐོར་དང་བོད་ཀྱི་མལ་འགྲོ་གོང་དཀར་རྫོང་གི་རྒྱ་མ་ཤང་ནང་རྒྱ་ནག་གཞུང་གིས་རྒྱ་མི་རིགས་གཏེར་ཁ་སྔོག་འདོན་བྱེད་མཁན་ཁག་ཅིག་ལ་ཕྱི་ལོ་༡༩༩༠གོ་གྲངས་ནས་གཏེར་ཁ་སྔོག་འདོན་བྱེད་དུ་བཅུག་པའི་རྗེས་༡༩༩༢ལོར་ས་གནས་བོད་མི་ཚོས་ངོ་རྒོལ་གྱི་རྣམ་འགྱུར་བཏོན་པ་མ་ཟད་ཚོགས་འདུའི་ཐོག་ལས་གྲ་དེ་མཚམས་འཇོག་བྱ་དགོས་པའི་སྐད་འབོད་བྱས་ཡོད་པ་རེད། ཡིན་ནའང་ད་རེས་དངོས་སུ་རྒྱ་རིགས་གཏེར་ཁ་སྔོག་འདོན་བྱེད་མཁན་དང་ས་གནས་བོད་མིའི་བར་འཁྲུག་རྩོད་བྱུང་བའི་རྗེས་རྒྱ་མ་ཤང་གི་ཁོངས་སུ་ཡོད་པའི་འབྲོག་པ་རུ་ཁག་བཅོ་ལྔ་ཡོད་པ་ནས་རུ་ཁག་བཅུ་གསུམ་གྱི་ཐེམ་དུད་རེ་རེ་ནས་ཉུང་མཐར་མི་གཅིག་གཉིས་རྒྱ་མ་ཤང་གི་མི་དམངས་སྲིད་གཞུང་གི་ལས་ཁུངས་མདུན་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་རེས་གཟའ་ཉི་མའི་སྔ་དྲོ་ལྷ་ས་ནས་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཁག་ཅིག་དང་རྫོང་དང་ཤང་གི་དཔོན་རིགས་ཁག་ཅིག་བཅས་ས་གནས་སུ་ཡོང་སྟེ་བོད་མི་རྣམས་ཚོགས་འདུར་སྐོང་སྟེ་གནས་སྟངས་གསལ་བཤད་བྱེད་རེས་བྱས་པའི་སྐབས་བོད་མི་ཁག་ཅིག་གིས་ངུ་འབོད་བྱེད་པ་དང་གཏེར་ཁ་སྔོག་འདོན་གྱི་ལས་གྲ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་སྐད་འབོད་བྱས་ཡོད་པ་རེད། ས་གནས་དེའི་ནང་རྒྱ་མི་རིགས་ཀྱི་གཏེར་ཁ་བསྔོག་འདོན་བྱས་ཏེ་མི་དམངས་དང་སྒོ་ཕྱུགས་སེམས་ཅན་གྱི་འཐུང་ཆུ་བཙོག་པོར་གྱུར་བ་དང་སེམས་ཅན་ཆིག་སྟོང་ལྷག་ཤི་བ་མ་ཟད་རི་དྭགས་སེམས་ཅན་གྲངས་མེད་བསད་པ་དང་རྩ་ཆུ་སྐམ་པ་སོགས་ས་གནས་ཀྱི་རང་འབྱུང་ཁོར་ཡུག་དང་མི་དམངས་ཀྱི་འཚོ་བར་ཚབས་ཆེའི་གནོད་འཚེ་བཟོ་གི་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་གནས་སྟངས་དེ་དག་ལ་བདག་སྤྲོད་རྩ་བ་ནས་བྱས་མེད་པ་མ་ཟད་དེ་ལས་ལྡོག་ཏེ་བོད་མི་ཚོར་ཚུར་སྐྱོན་འཛུགས་བྱས་ཡོད་པའི་གནས་ཚུལ་སྤེལ་བཞག