བོད་མི་ཚོས་བཞུགས་སྒར་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།
2008.08.10
༄༅༎དེ་རིང་མུ་མཐུད་བཞུགས་སྒར་རྡ་རམ་ས་ལའི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། བཞུགས་སྒར་རྡ་རམ་ས་ལའི་ཁུལ་གྱི་བོད་མི་ཚོས་ཕྱི་ཚེས་༨ ཉིན་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་ཚོགས་པའི་སྔ་ནུབ་ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་ལ་བོད་ནང་བཙན་འཛུལ་བྱས་པ་ངོ་རྒོལ་དང་བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་ཏུ་འགྲོ་གི་ཡོད་པའི་སྐྱོན་བརྗོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཏེ་དེ་རིང་གིས་ཉིན་གྲངས་གསུམ་པ་ཡིན་པ་རེད།
དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ནང་ཡོད་པའི་དགོན་སྡེ་ཁག་ནས་དགེ་འདུན་པ་དང་ བཙུན་མ་གཙོས་པའི་བོད་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་བཅས་མི་དམངས་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་བོད་མི་གནས་སྡོད་བྱེད་ཡུལ་གྱི་མེག་ལོ་གན་ཇེ་ཁྲོམ་གཞུང་ནས་ངོ་རྒོལ་གྱི་གོམ་བགྲོད་གནང་ཡོད་པ་དང་ངོ་རྒོལ་གནང་མཁན་ཚོའི་ལུས་ཐོག་ཏུ་མཚོན་གཞི་ནག་པོའི་གོས་གྱོན་པ་དང་མགོ་ཐོད་དུ་མཚོན་གཞི་ནག་པོའི་རས་དཀྲིས་པ་དང་ལག་ཏུ་རྒྱ་ནག་གཞུང་གིས་བོད་མི་བསད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བཞིན་པ་མཚམས་འཇོག་བྱ་དགོས་ཞེས་དང༌། བོད་ནང་རྒྱ་ནག་གཞུང་གིས་རིག་གཞུང་རྩ་མེད་བཟོ་བའི་བྱ་སྤྱོད་མཚམས་འཇོག་བྱ་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་ཞེས་བྲིས་པའི་ངོ་རྒོལ་གྱི་རས་དར་དང་ཡིག་བྱང་འཁྱེར་ཡོད་པ་རེད། ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་མི་དམངས་འདུ་འཛོམས་ཆེན་པོ་དེའི་ཐོག་ལ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་ཚོགས་པ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ངག་དབང་འོད་འབར་ལགས་ཀྱིས་གཏམ་བཤད་སྤེལ་བའི་ནང༌། ད་ལྟའི་ཆར་བོད་ནང་རྒྱ་ནག་གཞུང་ལ་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་བོད་མི་དྲུག་སྟོང་བརྒྱད་ལྷག་བཙོན་ཁང་དུ་ཡོད་པ་དང་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོའི་ཁྲོད་ལ་བོད་ཀྱི་རྩ་དོན་འཐབ་རྩོད་ཐད་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ང་ཚོ་ཚང་མས་བོད་དེ་རྒྱ་མིའི་བཙན་གནོན་འོག་ནས་རང་དབང་ཐོབ་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་ཐོག་ལ་ངེས་པར་དུ་ཆིག་སྒྲིལ་གྱི་ནུས་པ་འདོན་སྤེལ་བྱ་དགོས་པའི་སྐོར་གསུངས་ཡོད་པ་རེད།