ཕྱི་སོག་ཏུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ།
2010.04.05
༄༅༎རེས་གཟའ་ཟླ་བའི་ཉིན་ཕྱི་སོག་གི་རྒྱལ་ས་ཨུ་ལན་སྦ་ཏོར་ནང་མི་གྲངས་ཁྲི་གཅིག་ལྷག་ཙམ་འདུ་འཛོམས་ཀྱིས་སོག་པོ་གཞུང་གིས་ཉིས་སྟོང་བརྒྱད་ལོར་འོས་འདེམས་སྐབས་མང་ཚོགས་ལ་རོགས་དངུལ་སྤྲོད་རྒྱུ་སོགས་ཁས་ལེན་བྱས་པ་རྣམས་ལག་བསྟར་མ་བྱུང་བར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང་ ད་རེས་ཀྱི་ངོ་རྒོལ་ལས་འགུལ་དེ་བཞིན་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བདུན་པའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་བྱུང་ནས་མི་གྲངས་ལྔ་རྐྱེན་འདས་སུ་ཕྱིན་པ་དང་མི་གྲངས་༢༠༠ལྷག་ཙམ་ལ་རྨས་སྐྱོན་ཕོག་པའི་རྗེས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པ་དང་ངོ་རྒོལ་ནང་ཞུགས་མཁན་མང་ཆེ་བ་ཞིང་པའི་ས་ཁུལ་གྱི་མི་སེར་ཡིན་ཞིང་ངོ་རྒོལ་བ་ཚོས་སོག་པོའི་གཞུང་གིས་ཉིས་སྟོང་བརྒྱད་ལོར་རྒྱལ་ཡོངས་འོས་བསྡུ་བྱེད་པའི་སྐབས་སོག་པོའི་ནང་གཏེར་ཁའི་ཡོངས་ཁུངས་རྣམས་མི་མང་ལ་ཐད་ཀར་དངུལ་དམར་བགོས་འགྲེམས་བྱ་རྒྱུ་དང་དེ་བཞིན་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་བཀག་འགོག་བྱ་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་ད་བར་དངོས་སུ་ལག་བསྟར་རྩ་བ་ནས་བཏང་མེད་སྟབས་སོག་པའི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་གཉིས་ཀས་མང་ཚོགས་ལ་ཁས་ལེན་བྱས་པ་ལག་ལེན་འཁེལ་ཐུབ་མེད་པར་བརྟེན་ནས་གྲོས་ཚོགས་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་གལ་སྲིད་གཞུང་གིས་ཚོུད་༧༢ནང་ཚུད་གནད་དོན་དེར་ལན་འདེབས་མ་བྱས་ཚེ་ངོ་རྒོལ་གྱི་ལས་འགུལ་རྗེས་མ་དེ་བཞིན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་བྱ་རྒྱུ་ཡིན་པ་ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་མཁན་གྲས་ཨུ་ཡན་ག་གན་ཏོ་མོར་གྱིས་ཨེ་ཕིའི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག སོག་པོའི་རྒྱལ་ཁབ་ཀྱི་ཡོང་བབ་ཆེ་ཤོས་ཤིག་ནི་གཏེར་ཁ་བསྔོག་འདོན་བྱས་པ་ནས་ཡོང་གི་ཡོད་ཅིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱལ་ཡོངས་འོས་བསྡུ་བྱེད་པའི་སྐབས་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་པོས་མ་འོངས་སོག་པོའི་གཏེར་ཁ་བསྔོག་འདོན་གྱི་ཡོང་ཁུངས་ནས་མང་ཚོགས་ལ་ཐད་ཀར་དངུལ་བགོས་འགྲེམས་བྱས་པའི་རྣམ་པའི་ཐོག་ནས་ཁེ་ཕན་སྤྲོད་ཐབས་བྱ་རྒྱུ་ཨ་རིའི་མངའ་སྡེ་ཨ་ལ་སི་ཀ་ནང་ལག་བསྟར་བྱེད་བཞིན་པའི་ལམ་སྲོལ་བཞིན་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ད་བར་མང་ཚོགས་ལ་གཞུང་གིས་ཁས་ལེན་བྱས་པ་བཞིན་ལག་བསྟར་བྱུང་མེད་པར་བརྟེན་ད་རེས་མི་མང་ཁྲི་བཅུ་ལྷག་ཙམ་འདུ་འཛོམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་པ་རེད་