ཀན་ལྷོ་བསང་ཆུ་རྫོང་གི་སྲིད་གཞུང་མདུན་ངོ་རྒོལ་བྱས་འདུག
2014.11.03
བླ་བྲང་བསང་ཆུ་རྫོང་མི་དམངས་སྲིད་གཞུང་གི་མདུན་ས་གནས་དམངས་ཚོགས་ཚོས་འདྲ་མཉམ་དང་དྲང་བདེན་དགོས་པའི་ངོ་རྒོལ་བྱས་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། དེ་རིང་ཚེས་༣ཉིན་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ ཙམ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐོག་ཏུ་མི་མང་གིས་སྲིད་གཞུང་གི་མདུན་ས་གནས་མི་དམངས་བརྒྱ་ཕྲག་ཁ་ཤས་འཛོམས་ནས་ངོ་རྒོལ་བྱས་ཡོད་པ་དང་། དེ་ནི་ལོ་འགའི་གོང་བླ་བྲང་བསང་ཆུ་རྫོང་གི་ཉེ་འཁོར་ཞིག་ཏུ་སྲིད་གཞུང་གིས་མང་ཚོགས་ཀྱི་ལག་ནས་ས་ཆ་ཉོས་བའི་སྔ་ཕྱིར་གོང་ཚད་བར་ཁྱད་ཆེན་པོ་བྱུང་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་སྲིད་གཞུང་གིས་མང་ཚོགས་ལ་འདྲ་མཉམ་དང་དྲང་བདེན་བྱས་མེད་པར་ངོ་རྒོལ་བྱེད་བཞིན་ཡོད་འདུག ས་གནས་ནས་བརྗོད་དོན། ངོ་རྒོལ་སྐབས་བོད་མི་ཡང་མི་ཉུང་བ་མཐོང་རྒྱུ་འདུག་ལ། དེ་མ་ཐག་རྫོང་གི་ཉེན་རྟོག་པ་དང་དྲག་ཆས་དཔུང་དམག་མང་པོ་འབྱོར་ནས་བཀག་འགོག་བྱས་ནས་མི་ཚོ་གཏོར་ཐབས་བྱས་བ་དང་དེའི་རྗེས་ཀྱི་གནས་སྟངས་གསལ་བོ་མ་བྱུང་བ་བརྗོད་བྱུང་།
ལོ་འགའི་གོང་ལ་ཡང་ས་དེར་འོ་མའི་བཟོ་གྲྭ་ཞིག་འཛུགས་སྐབས་ས་ཆ་སྤྱི་ལེ་གྲུ་བཞི་མ་གཅིག་ལ་རྒྱ་སྒོར་ཁྲི་༦ལས་སྤྲད་མེད་པ་དང་། དེའི་རྗེས་ས་ཁུལ་དེར་སློབ་འབྲིང་ཞིག་འཛུགས་རྒྱུར་སྲིད་གཞུང་གིས་ཡང་བསྐྱར་མང་ཚོགས་ཀྱི་ས་ཆ་ཉོ་སྐབས་སྤྱི་ལེ་གྲུ་བཞི་མ་གཅིག་ལ་རྒྱ་སྒོར་ཁྲི་ ༡༨ སྤྲད་ཡོད་སྟབས། མང་ཚོགས་ཀྱིས་ས་གཅིག་གི་ཐོག་ཏུ་སྲིད་ཇུས་གཉིས་ལག་བསྟར་བྱས་པ་དེ་སྲིད་གཞུང་གི་བྱེད་སྟངས་དྲང་བདེན་མིན་པའི་ཞུ་གཏུག་ཡང་ཡང་བྱས་ཀྱང་གཞུང་གིས་ཡ་ལན་མ་སྤྲད་སྟབས། འདས་པའི་ཟླ་བ་གཅིག་ཙམ་གྱི་གོང་ནས་བཟུང་ས་བདག་སྡེ་བ་(མ་ལེན་ཐང་།)ཡི་མང་ཚོགས་ཀྱིས་རྫོང་མི་དམངས་སྲིད་གཞུང་སྒོ་ཁར་རྒྱུན་སྡོད་ཀྱིས་ངོ་རྒོལ་གནང་ཡོད་འདུག
གསར་འགོད་པ་ཀླུ་འབུམ
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།