ཧོར་གཙང་ཕྱོཊ་སུ་ས་གནས་ཡུལ་མིས་གཞུང་ལ་རེ་འབོད་ངོ་རྒོལ།
2014.04.02

ཀན་ལྷོ་བསང་ཆུ་རྫོང་ཧོར་གཙང་ཕྱོཊ་སུ་གཞུང་གིས་ས་གནས་མི་དམངས་ལ་གུན་གསབ་འོས་འཚམ་མ་སྤྲད་པར་བརྟེན་རེ་འབོད་ངོ་རྒོལ་བྱེད་བཞིན་པ་རེད།
ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། འདས་པའི་ལོ་ངོ་ཉི་ཤུ་ལྷག་ནས་རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ཧོར་གཙང་དང་། ཙ་ཡུས་། ཁ་རྒྱ་སོགས་སྡེ་བ་མང་པོ་ཞིག་གིས་ཁུལ་ནས་གཏེར་ཁ་སྔོག་འདོན་དང་། གཞུང་ལམ་རྒྱ་བསྐྱེད་ཀྱི་ལས་གཞི་སྣ་ཚོགས་སྤེལ་བའི་ཁྲོད། ས་གནས་དེ་དག་གི་མང་ཚོགས་ཀྱི་ལག་ནས་ས་ཞིང་གཞུང་བསྡུ་བྱས་བར་ས་གནས་ཡུལ་མིར་གུན་གསབ་ཉུང་ཉུང་ཞིག་གམ་ཡང་ན་རྩ་བ་ནས་རེག་གི་མེད་པའི་གནས་ཚུལ་ཡོད་པ་ལྟར། དེ་རིང་ཟླ༤ཚེས༢ཉིན་ཡང་བསང་ཆུ་རྫོང་ཧོར་གཙང་སྡེ་བའི་ས་ཐོག་ནས་རྒྱ་ནག་གཞུང་གིས་མགྱོགས་འགྲོས་གཞུང་ལམ་རྒྱ་བསྐྱེད་ཀྱི་ལས་གཞི་ཞིག་སྤེལ་བཞིན་ཡོད་པའི་ཐད། གཞུང་གིས་ས་གནས་མང་ཚོགས་ཚོར་གུན་གསབ་འོས་འཚམ་མ་སྤྲད་པར་བརྟེན་ནས་མི་མང་གིས་སྲིད་གཞུང་ལ་རེ་འབོད་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དེར་ས་གནས་ཉེན་རྟོག་པ་མང་པོ་ཡོང་ནས་བཀག་འགོག་དམ་དྲག་བྱེད་བཞིན་པ་རེད་འདུག འདྲ་པར་ཐོག་གསལ་བ་ལྟར། མི་མང་གིས་༼ང་ཚོའི་ས་ཞིང་གཞུང་བསྡུ་བྱས་པར་གུན་གསབ་སྤྲོད་དགོས། མགྱོགས་ལམ་བཟོ་བར་ས་ཞིང་བསྡུ་ལེན་ཐད་རྫོང་གཅིག་ལ་ལམ་ལུགས་ཡོད་པར་ངོ་རྒོལ་ཡོད། ང་ཚོར་ཐོབ་ཐང་གཅིག་པ་དགོས་༽ཞེས་པ་སོགས་རྒྱ་ཡིག་ནང་བྲིས་པའི་འཕྲེད་དར་འདྲ་མིན་འཕྱར་ནས། མི་མང་གི་ས་ཞིང་རིན་པ་མ་བྱིན་ན། གཞུང་ལམ་བཟོ་རུ་མི་འཇུག་ཅེས་སྐད་འབོད་བྱེད་བཞིན་པ་རེད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་རིང་གི་རེ་འབོད་ངོ་རྒོལ་ནང་ཧ་ལམ་ས་གནས་མང་ཚོགས་བརྒྱ་ཕྲག་ལྷག་ཙམ་འདུ་འཛོམས་བྱས་ཡོད་པ་རེད་འདུག
གསར་འགོད་པ་ལྕགས་མོ་འཚོ།