རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

2023.10.02
རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་རྡ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས། ༡༠།༠༡།༢༠༢༣
TYC

དེ་ཡང་སྤྱི་ཟླ་བཅུ་བའི་ཚེས་༡ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བའི་ཉིན་མོར་རྒྱ་གར་དང་། ཨ་རི། ཁེ་ཎ་ཌ། ཡོ་རོབ་སོགས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་དང་ཡུ་གུར། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་རང་དབང་འཐབ་རྩོད་པ་ཚོས་རྣམ་པ་འདྲ་མིན་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ད་ལོ་ཕྱི་ཟླ་༡༠བའི་ཚེས་༡ཉིན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་ལོ་༧༤་འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་ཉིན་མོ་སྲུང་བརྩི་བྱེད་བཞིན་པའི་སྐབས། བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་གྱི་སྡེ་ཚན་བཅས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཐུན་མོང་གི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། རྒྱ་ནག་གཞུང་གིས་བོད་ནང་བོད་པའི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་བ་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་འཛིན་བྱས་བའི་འོག ཡུ་གུར་བ་ཚོ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པ་དང་། ཧོང་ཀོང་གི་ནང་ཚད་མཐོའི་རང་དབང་ལ་འགོག་རྐྱེན་བཟོས་བ། ཐེ་ཝན་ལ་དྲག་པོའི་འཇིགས་སྐུལ་བྱེད་པ། བོད་ནང་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་ནས་མི་རིགས་རྩ་མེད་བཟོ་ཐབས་ཀྱི་རྒྱ་བསྒྱུར་སློབ་གསོ་སྤེལ་བཞིན་པ། ཁྲིམས་འགལ་གྱི་ཐོག་ནས་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་བྱེད་པ། བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བཅས་ད་ལྟའི་ཆར་བོད་ནང་ནི་འཛམ་གླིང་ཐོག་རང་དབང་ཚད་དམའ་ཤོས་ཀྱི་གནས་བབ་ཏུ་ལྷུང་ཡོད་པ་བཀོད་འདུག

protest ccp.jpeg
ཁེ་ཎ་ཌར་ཉིན་དེར་(St. George)་རུ་ཡོད་པའི་རྒྱ་ནག་གཞུང་གི་དོན་གཅོད་ལས་ཁུངས་མདུན་དུ། བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། དེ་བཞིན་ཝེ་ཏི་ནམ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་ཁ་ཤས་འཛོམས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་དང་བཙན་འཛུལ་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད། སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླང་དཀར་ལགས་ཀྱིས། རྒྱ་ནག་གཞུང་གི་སྡུག་རྩུབ་ཀྱི་སྲིད་ཇུས་དང་། འཁྱོགས་བཤད། མི་རིགས་རྩ་མེད་བཟོ་ཐབས་ཀྱི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས། འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་མེད་པ་བཅས་ལ་མི་རིགས་འདྲ་མིན་མང་པོ་མཉམ་དུ་འཛོམས་ནས་སྲིད་ཇུས་དེ་དག་མཚམས་འཇོག་དགོས་བའི་དགོས་འདུན་དང་ངོ་རྒོལ་གནང་བཞིན་པ་གསུངས་བྱུང་། ཁེ་ཎ་ཌར་འདི་ཚེས་གཉིས་ནས་དགུ་བར་བོད་མི་ཁག་ཅིག་གིས་བོད་དོན་ཆེད་རྒྱང་རྒྱུག་ལས་འགུལ་སྤེལ་བཞིན་པ་རེད།
དེ་བཞིན་ཨ་རིའི་རྒྱལ་སའི་ཕོ་བྲང་དཀར་པོའི་མདུན་དང་གྲོང་ཁྱེར་ནེའུ་ཡོག ཡོ་རོབ་སོགས་གང་སར་རང་དབང་འཐབ་རྩོད་པ་ཚོ་མཉམ་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།


གསར་འགོད་པ། ས་གནས་གསར་འགོད་པ་རྣམ་པའི་གནས་ཚུལ་ཕྱོགས་བསྒྲིགས།
རྩོམ་སྒྲིག་པ། ཚེ་དབང་དངོས་གྲུབ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎