སླར་ཡང་རྒྱ་ནག་ནང་ཁྲག་གི་རྩེད་མོ་རྩེ་རུ་འཇུག་རྒྱུ་མེད།
2015.06.11

སྤྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལེན་ཕིག་རྩེད་འགྲན་ཚུགས་ཡུལ་གྱི་འགྲན་རྩོད་དུ་ཁྲོད་རྒྱ་ནག་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱས་འདུག
དེ་ཡང་སྤྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལེན་ཕིག་རྩེད་འགྲན་ཚུགས་ཡུལ་གྱི་འགྲན་རྩོད་དུ་རྒྱ་ནག་ཞུགས་བཞིན་པར་བརྟེན་སུད་སིར་གནས་སྡོད་བོད་མིས་འཛམ་གླིང་ཨོ་ལེན་ཕིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་འདུ་ཚོགས་ཡུལ་མགྲོན་ཁང་མདུན་རྩེད་འགྲན་རྒྱ་ནག་ཏུ་ཚུགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཡོད་པ་དང་། དེར་དེ་རིང་རྒྱ་ནག་གཞུང་གིས་འགྲན་རྩོད་ལ་ཞུགས་རྒྱུའི་ཐད་འགྱུར་བ་གཏོང་ཐབས་བྲལ་བ་རེད་ཅེས་བོད་མིའི་ངོ་རྒོལ་བྱས་དོན་ལ་ཁ་རྡུང་བཏང་འདུག
ཁ་སང་ཚེས་༡༠ཉིན་སུད་སི་Lausanneགྲོང་ཁྱེར་གྱི་མགྲོན་ཁང་ཞིག་ནང་རྒྱ་ནག་གི་ཨོ་ལེན་ཕིག་རྩེད་འགྲན་ཚོགས་ཆུང་གིས་སྤྱི་༢༠༢༢་ལོའི་དགུན་དུས་ཨོ་ལེན་ཕིག་རྩེད་འགྲན་ཚུགས་ཡུལ་གྱི་རྒྱལ་ཁ་ཐོབ་ཆེད་རྒྱལ་སྤྱིའི་གསར་འགོད་པའི་འགྲེམས་སྟོན་ཞིག་ཚུགས་ཡོད་པའི་སྐབས་སུ། བོད་མི་གསུམ་གྱིས་རྒྱ་ནག་ལ་ངོ་རྒོལ་གྱི་སྐད་འབོད་བྱས་པ་དང་། བོད་ཀྱི་རྒྱལ་དར་སོགས་ཕྲེད་དར་འཕྱར་བར་མགྲོན་ཁང་དེའི་བདེ་འཇགས་མི་སྣས་བོད་མི་གསུམ་འཛིན་བཟུང་བྱས་ཏེ་བཙན་ཁྲིད་བྱེད་པའི་སྐབས་སུ་ཁོང་གསུམ་གྱིས་པེ་ཅིན་དུ་སྤྱི་༢༠༢༢་ལོའི་ཨོ་ལེན་ཕིག་རྩེད་འགྲན་བཀག་འགོག་བྱེད་དགོས། སླར་ཡང་ཁྲག་གི་རྩེད་མོ་རྩེ་རུ་འཇུག་རྒྱུ་མེད། རྒྱལ་སྤྱིའི་ཨོ་ལེན་ཕིག་རྩེད་འགྲན་ཚོགས་ཆུང་གིས་སླར་ཡང་ནོར་འཁྲུལ་ཤོར་མི་ཉན་ཟེར་བ་སོགས་འབོད་ཚིག་སྒྲོག་ནས་ངོ་རྒོལ་བྱས་ཡོད་པ་རེད།
རྒྱལ་སྤྱིའི་ཨོ་ལེན་ཕིག་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་ན་ནིང་འབྱུང་འགྱུར་ཨོ་ལེན་ཕིག་རྩེད་འགྲན་གཉེར་ཡུལ་གྲོང་ཁྱེར་གྱིས་མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་སྲིད་ཇུས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་པའི་གན་རྒྱ་གསར་པ་ཞིག་བཞག་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་ཨོ་ལེན་ཕིག་རྩེད་འགྲན་ཚོགས་ཆུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུ་ཡིན་པའི་ཡིག་ཐོག་གི་འགན་ལེན་བྱས་ཡོད་པ་རེད། སྤྱི་ལོ༢༠༢༢་ལོའི་དགུན་དུས་ཨོ་ལེན་ཕིག་རྩེད་འགྲན་ཚུགས་ཡུལ་འགྲན་རྩོད་ནང་པེ་ཅིན་གྱི་ཁ་གཏད་དུ་ཁའ་ཛག་སི་ཐའན་གྱི་གྲོང་ཁྱེར་ཨལ་མའ་ཌི་ཡོད་པ་རེད
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
འབྲེལ་ཡོད་བརྙན་ཐུང་འདི་ནས་གཟིགས་ཐུབ།