རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་བོད་མིས་ངོ་རྒོལ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་འཚམས་གཟིགས་སུ་འབྱོར་ཞིང་། གཙོ་བོ་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་བཟང་དུ་གཏོང་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད། འོན་ཀྱང་རྒྱ་གར་གཞུང་གིས་རྒྱ་ནག་གི་ངོས་ནས་ལ་དྭགས་ཁུལ་ནས་རྒྱ་མིའི་དམག་མི་ཕྱིར་འཐེན་མ་བྱས་བར། ཕྱོགས་ཡོངས་ཀྱི་འབྲེལ་བའི་འཕེལ་རིམ་ཡར་རྒྱས་འགྲོ་ཐུབ་མེད་པ་བརྗོད་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ ཝང་ཡེས་ལྡི་ལིར་ཡོད་པའི་རྒྱ་གར་གཞུང་འབྲེལ་གྱི་སྣེ་ལེན་ཁང་ ཧཡི་རྡར་བྷཱདྷ་ (The Hyderabad House) རུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དབུས་པའི་དཔོན་རིགས་ཁག་དང་གྲོས་མོལ་ཆེད་སླེབས་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སློབ་ཕྲུག་གི་བོད་རང་བཙན་ཚོགས་པའི་ཚོགས་མི་ཚོས་ལག་ཏུ་ ཝང་ཡེས་ཕྱིར་རྒྱུག་ སོགས་སྐད་འབོད་བྱས་ཏེ་ངོ་རྒོལ་བྱས་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་མཉམ་རུབ་ཀྱིས་ཐོག་ནས་དགོས་འདུན་ཁག་ཅིག་བཏོན་འདུག་པ་དེའི་ནང་། རྒྱ་གར་དང་རྒྱ་ནག་དབར་ཡོད་པའི་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་སྔོན་ལ་བོད་ཀྱི་དཀའ་རྙོག་སེལ་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ལ་བོད་ཀྱི་ས་མཚམས་སྐོར་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་པའི་ཧོང་ཀོང་ཡུ་གུར་སོགས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ། བོད་ནང་གི་ཆབ་སྲིད་ཀྱི་བཙོན་པ་ཚོ་འཕྲལ་དུ་གློད་གྲོལ་དགོས་པ་སོགས་འཁོད་འདུག
ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་སྐབས་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་ལྡི་ལི་མ་དྷིར་མ་ཁིར་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཤིང་། ཉིན་རྒྱབ་བོད་མི་དེ་དག་ཡོངས་རྫོགས་གློད་གྲོལ་བཏང་འདུག
Indian Express ཞེས་པའི་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་རེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་དུ་ཕྱོགས་ཕེབས་གནང་བ་འདི་རྒྱ་གར་དང་རྒྱ་ནག་གཉིས་ཕྱོགས་ནས་གཞུང་འབྲེལ་གསལ་བསྒྲགས་སོགས་གང་ཡང་མེད་པར་གློ་བུར་གྱི་འཚམས་གཟིགས་ཤིག་ཡིན་པ་དང་། རེས་གཟའ་པ་སངས་ཉིན་ཝང་ཡེས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་S. Jai shankar དང་རྒྱལ་སྲུང་སློབ་སྟོན་པ་Ajit Doval ལྷན་དང་མཇལ་མོལ་གནང་འདུག་ཅིང་། རྒྱ་གར་ཕྱོགས་ནས་ས་མཚམས་ཀྱི་གནད་དོན་དེ་ཕྱི་འབྲེལ་གྱི་དགག་རྩ་ཡིན་པ་བརྗོད་འདུག
རྒྱ་ནག་ཕྱི་སྲིད་བློན་གྱི་ཐེངས་འདིའི་རྒྱ་གར་ནང་གཞུང་དོན་ཕྱོགས་ཕེབས་འདི་ནི་ལོ་གཉིས་སྔོན་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་གི་ས་མཚམས་དམག་མིའི་དབར་འཁྲུགས་རྩོད་བྱུང་སྟེ་ཕྱོགས་གཉིས་པོའི་དམག་མི་བསད་སྐྱོན་སོགས་བྱུང་བའི་དོན་རྐྱེན་རྗེས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་འབྱོར་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ལ། ཡུལ་གྲུ་གཉིས་ཀྱི་བློན་ཆེན་རིམ་པའི་དབར་མཇལ་འཕྲད་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཟའ་པ་སངས་ཉིན་རྒྱ་གར་ནས་བལ་ཡུལ་དུ་ཐོན་ཡོད་པ་རེད།
གསར་འགོད་པ། བློ་བཟང་། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།