མདུན་ན་དོང་ཡོད་པ་མཐོང་བཞིན་མཆོང་བ་དང་གཅིག་མཚུངས་རེད།


2017.04.07
རྨ་ལྷོ་ཕྱོགས་སུ་སྐད་ཡིག་སློབ་གསོའི་ཐད་སློབ་མའི་ལས་འགུལ་སྐབས། ༢༠༡༢ རྨ་ལྷོ་ཕྱོགས་སུ་སྐད་ཡིག་སློབ་གསོའི་ཐད་སློབ་མའི་ལས་འགུལ་སྐབས། ༢༠༡༢
RFA

མདོ་སྨད་མཚོ་ལྷོ་ཕྱོགས་ཀྱི་རྒྱ་ནག་གི་སྐད་གཉིས་སློབ་གསོའི་བསམ་འཆར་ཡིག་ཆ་ལ་མི་འདོད་པའི་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་སྟོན་བཞིན་འདུག
དེ་ཡང་ཉེ་ལམ་མདོ་སྨད་མཚོ་སྔོན་ཁོངས་གཏོགས་མཚོ་ལྷོ་ཁུལ་སློབ་གསོ་ལས་ཁུངས་ཀྱི་ཁུལ་དེའི་ ༼སྐད་གཉིས་སློབ་གསོའི་བཅོས་སྒྱུར་དང་། རྣམ་པ་བསྒྱུར་ཏེ་སྤུས་ཚད་མཐོ་རུ་གཏོང་བ།༽ཞེས་པར་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད་པ་དེར། བོད་ནང་གི་ཤེས་ཡོན་ཅན་དང་། དོན་གཉེར་མཁན་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་ཤུགས་ཆེན་བྱེད་བཞིན་པ་མ་ཟད་དེ་ལ་ངོ་རྒོལ་བྱེད་མཁན་མང་པོ་འདུག
སློབ་གསོ་༼རྣམ་པ་བསྒྱུར་ཏེ་སྤུས་ཚད་མཐོ་རུ་གཏོང་བ་།༽ཞེས་པ་དེ་ནི་སློབ་འབྲིང་དང་། མཐོ་འབྲིང་སློབ་གྲྭའི་ནང་། བོད་ཀྱི་སྐད་ཡིག་མ་གཏོགས། རྩིས་རིག་དང་། དངོས་ལུགས། རྫས་འགྱུར། ས་རྒྱུས། ལོ་རྒྱུས། ཆབ་སྲིད་བཅས་ཀྱི་སློབ་གཞི་བོད་སྐད་ནང་སློབ་ཁྲིད་བྱེད་བཞིན་པ་དེ་རྒྱ་སྐད་ནང་སློབ་ཁྲིད་བྱེད་རྒྱུའི་རྣམ་པར་བསྒྱུར་རྒྱུ་དེ་ཡིན་པ་རེད།
གནད་དོན་འདིའི་ཐད་བོད་ཀྱི་སློབ་གསོའི་ཆེད་མཁས་པ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་ཀྱིས།  ད་ལོའི་སྤྱི་ཟླ་གསུམ་པའི་ཚེས ༢༠ཉིན། ཡོངས་ཁྱབ་ཀྱི་བསམ་འཆར་ཡི་གེ་ཞིག་བཀྲམས་ཡོད་པའི་ནང་། མཚོ་སྔོན་དང་མཚོ་ལྷོ་ཁུལ་གྱིས་རྣམ་པ་ཀུན་ཏུ་སྐད་ཆའི་སློབ་ཁྲིད་ཐད། བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ་། རྩིས་རིག་དང་། དངོས་ལུགས། རྫས་འགྱུར། ས་རྒྱུས། ལོ་རྒྱུས།  ཆབ་སྲིད་སོགས་སྐད་ཆ་མ་ཡིན་པའི་རིག་ཚན་དག་ཕ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱས་པས། ད་ལྟའི་བར་བོད་ཁམས་སྤྱིའི་སྔོན་གྲས་སུ་སླེབས་ཡོད་པ་རེད་། ཅེས་དང་། ཡང་ཁོང་གིས་སློབ་ཚན་ཁག་རྒྱའི་སྐད་ཡིག་ནང་སློབ་ཁྲིད་བྱེད་རྒྱུ་ནི་མདུན་དུ་དོང་ཡོད་པ་མཐོང་བཞིན་མཆོང་བ་དང་གཅིག་མཚུངས་རེད་ཅེས་སྐྱོན་བརྗོད་གནང་འདུག  
ཡང་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན། རྒྱ་ནག་གི་བཙོན་ཁང་དུ་བསྡད་མྱོང་བའི་བཀྲ་ཤིས་རབ་བརྟན་ནམ།  ཐེའུ་རང་ལགས་ཀྱིས་གནད་དོན་འདིའི་ཐད། སྤྱི་ཟླ་༤་བའི་ཚེས ༥ ཉིན། ཡི་གེ་ཞིག་བཀྲམས་ཡོད་པའི་ནང་། སྐད་གཉིས་སློབ་གསོའི་བཅོས་བསྒྱུར་ནི། སྟབས་བདེ་མོར་བརྗོད་ན། བོད་ཡིག་བོད་སྐད་དང་། རྒྱ་ཡིག་རྒྱ་སྐད་གཉིས་ལས། སྐད་ཡིག་གང་གཙོ་བོར་བཟུང་ན་འགྲིག་ཞེས་པ་དེ་རེད། དེ་ཡང་སློབ་གཞི་བོད་སྐད་ནང་སློབ་ཁྲིད་བྱེད་བཞིན་པ་དེ་རྒྱ་སྐད་ནང་སློབ་ཁྲིད་བྱེད་རྒྱུའི་རྣམ་པར་བསྒྱུར་རྒྱུ་དེ་ཡིན་པ་རེད།  ཞེས་གསལ་བཤད་དང་འབྲེལ་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་ལ་ཁོང་གིས་ངོ་རྒོལ་བྱས་འདུག ཁོང་གིས་སྤྱི་ཚོགས་བརྒྱུད་ཁག་ཏུ་བཀྲམས་པའི་ཡི་གེ་དེའི་ནང་། མཉམ་འུར་གྱི་ངོ་རྒོལ་འདི་ཡིས་དོན་དངོས་ཐག་གཅོད་ལ་བརྔོ་ཐོགས་ཀྱང་མ་ཐོགས་ཀྱང་། རང་གི་ཕ་སྐད་མ་ཡིག་གི་ཉག་ཕྲ་བའི་ལས་དབང་དང་སློབ་གསོའི་གདམ་གའི་ཁྲོད་ཀྱི་རྣམ་འགྱུར་ཙམ་ནི་ཅིས་ཀྱང་སྟོན་དགོས་ཞེས་བྲིས་འདུག
ཡང་ཚེ་རིང་སྐྱིད་ཟེར་བ་ཞིག་གིས་སྤྱི་ཟླ་བཞི་བའི་ནང་ཚེས ༤ ཉིན། སྐད་གཉིས་སློབ་གསོའི་བཅོས་སྒྱུར་ནི་བོད་མི་རིགས་ལ་ཕན་ཐོགས་མེད་པ་ཞིག་ཡིན་པ་རྒྱུ་མཚན་དྲངས་ནས་མཚོ་ལྷོ་ཁུལ་གྱི་གུང་ཁྲན་ཚོགས་པའི་དྲུང་ཆེའི་མིང་ཐོག་ལ་ཡི་གེ་ཞིག་བཏང་ཡོད་འདུག ཡིན་ནའང་ཁོང་གི་ཡི་གེ་ལ་ལན་སྤྲད་ཡོད་མེད་གསལ་བོ་མི་འདུག
དེ་བཞིན་གནད་དོན་འདིའི་ཐད་བོད་ནང་གི་སློང་གྲྭ་ཆེན་མོའི་དགེ་རྒན་དང་། ཤེས་ཡོན་ཅན་མི་གྲངས་སུམ་ཅུ་ལྷག་གིས་ཡིག་ཐོག་ཏུ་བསམ་འཆར་འདོན་སྤེལ་བྱས་ཡོད་པ་མ་ཟད་། དེང་སྐབས་བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་འདུག།

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎