མངའ་རིས་ཁུལ་སྔར་གྱི་གུ་གེ་རྒྱལ་རྒྱུད་ཀྱི་ཤུལ་འཛིན་ཉམ་གསོ།
2011.08.07
༄༅༎ རྒྱ་ནག་གཞུང་གིས་བོད་ནུབ་ཕྱོགས་མངའ་རིས་ཁུལ་སྔར་གྱི་གུ་གེ་རྒྱལ་རྒྱུད་ཀྱི་ཤུལ་འཛིན་ཉམ་གསོ་འགོ་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ལྷ་ས་ནས་གཞུང་འབྲེལ་ཧྲིང་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། དུས་རབས་བཅུ་པའི་མངའ་རིས་གུ་གེ་རྒྱལ་རྒྱུད་ཀྱི་ཤུལ་འཛིན་ཉམ་གསོའི་ལས་འགུལ་འདི་ལོ་ཕྱི་ཟླ་ལྔ་པའི་ནང་འགོ་འཛུགས་ཀྱིས་ལོ་ལྔའི་ནང་མཇུག་སྒྲིལ་གྱི་འཆར་གཞི་ཡོད་པ་དང་། འགྲོ་གྲོན་རྒྱ་སྒོར་ཡུའན་ས་ཡ་༥༧དང་འབུམ་བཞི་གཏོང་རྒྱུ་ཡིན་ལུགས་མངའ་རིས་ས་གནས་གཞུང་གི་རིག་གཞུང་ལས་ཁུངས་ཀྱི་འགན་འཛིན་ལི་ཞིངྒ་ཀོ་(Li Xingguo) ཡིས་འགྲེལ་བརྗོད་བྱས་ཡོད་འདུག། ཉམ་གསོ་བ་ཚོས་དེ་སྔའི་ཕོ་བྲང་དང་ལྷ་ཁང་སོགས་ཀྱི་ཕྱིའི་བཀོད་པ་དང་། ནང་གི་ལྡེབ་བྲིས་དང་མ་ཟད། དེ་དག་རྟེན་གཞིའི་ས་གཞི་ཡང་ཉམ་གསོ་བྱེད་རྒྱུ་ཡིན་འདུག། སྔར་གྱི་ཤུལ་འཛིན་དེ་དག་ཉམ་གསོ་ཐེངས་དང་པོ་དེ་ཕྱི་ལོ་༡༩༨༥དང་གཉིས་པ་ཕྱི་ལོ་༡༩༩༧ལོར་བྱས་ཡོད་རེད།།