བོད་ནང་འཛུགས་སྐྲུན་གྱི་ཡར་རྒྱས་གསལ་པོ་མཐོང་རྒྱུ་འདུག་ནའང་བོད་པའི་སློབ་གྲྭའི་ནང་རྒྱ་ཡིག་སློབ་ཁྲིད་ཤུགས་ཆེར་བྱེད་བཞིན་ཡོད་པ། སྐུ་ཞབས་ཅནྡྲ་བུ་ཤན་ལགས་ནས་གསུངས་འདུག
འདི་ཚེས་ ༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྷན་དྷིའི་ཞི་བདེ་ཐེབས་རྩའི་ཚོགས་ཁང་དུ་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་རྒྱ་གར་གྱི་གསར་འགོད་པ་བགྲེས་པ་སྐུ་ཞབས་ཅནྡྲ་བུ་ཤན་ལགས་ཀྱི་ཧིནྡི་སྐད་ཐོག་བྲིས་པའི་བོད་ཁྱེད་ཀྱི་མིང་གང་ཡིན་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུ་ཞབས་ཅནྡྲ་བུ་ཤན་ལགས་ཀྱི་བརྩམས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ། ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གཙོ་བོ་གང་གནང་ཡོད་མེད་སྐོར་ད་རེས་ཀྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་གར་གྱི་གསར་འགོད་པ་དང་རྩོམ་པ་པོ་སྐུ་ཞབས་ཝི་ཇེ་ཀ་རན་ཏི་ལགས་སུ་ཞལ་པར་རྒྱུད་བཅར་འདྲི་ཞུས་པར་ཁོང་གིས།
རིན་པོ་ཆེ་མཆོག་གི་གནས་དོན་གཙོ་བོ་གཉིས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད། དང་པོ་ནི་བོད་རྒྱ་ཞི་མོལ་སྐོར་དང་གནས་དོན་གཞན་ཞིག་ནི་བོད་ཅེས་པའི་མིང་དང་བོད་དང་རྒྱ་གར་དབར་གྱི་འབྲེལ་བའི་སྐོར་གསུངས་གནང་སོང་། རིན་པོ་ཆེ་མཆོག་གིས་བོད་ཅེས་པའི་མིང་གི་འབྱུང་ཁུངས་དེ་བཞིན་རྒྱ་གར་དང་ལེགས་སྦྱར་གྱི་སྐད་ནས་ཡིན་པ་རིག་པ་དང་མཐུན་པའི་སྒོ་ནས་གསལ་བཤད་གནང་ཡོད་པ་མ་ཟད་ཁོང་ནས་ལོ་རྒྱུས་ཐོག་རྒྱ་གར་དང་བོད་དབར་ཆོས་ཕྱོགས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་སྐོར་གསུངས་ཡོད་པ་དང་དེ་བཞིན་རིན་པོ་ཆེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལངས་ཕྱོགས་གང་ཡིན་མིན་དང་ལངས་ཕྱོགས་དེ་འཛིན་དགོས་པའི་རྒྱུ་མཚན་དང་ད་བར་བོད་རྒྱ་ཞི་མོལ་བསྐྱར་གསོ་གནང་ཐུབ་མེད་པའི་རྒྱུ་རྐྱེན་སོགས་ཀྱི་སྐོར་གསལ་བཤད་གནང་ཡོད་པ་ཁོང་ནས་གསུངས་ཀྱི་འདུག
ཡང་དེབ་འདིའི་ནང་དོན་དང་དེབ་དེ་བྲིས་དགོས་དོན་སོགས་ཀྱི་སྐོར་ལ་སྐུ་ཞབས་ཅནྡྲ་བུ་ཤན་ལགས་ནས། ངོས་རང་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གི་མགྲོན་འབོད་ལྟར་རྒྱ་གར་གྱི་གསར་འགོད་སྐུ་ཚབ་ཚོགས་པའི་མིང་ཐོག་ནས་རྒྱ་ནག་དང་དེ་ནས་བོད་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་སོང་ལ།སྐབས་དེ་དུས་ང་ཚོའི་ལས་འཆར་གཙོ་བོ་ནི་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱེད་རྒྱུ་དེ་རེད། ཡིན་ན་ཡང་སྐབས་དེ་དུས་ང་རང་བོད་པའི་གནས་ཚུལ་གསལ་པོ་ཤེས་ཀྱི་མེད་ལ་རྒྱ་ནག་གཞུང་གིས་བོད་དོན་སྐོར་གསལ་བཤད་བྱེད་པ་དེ་ལ་བསམ་བློའི་ནང་འགལ་ཟླ་མང་པོ་ཞིག་འཁོར་བ་དང་ང་རང་གསར་འགོད་པ་ཞིག་ཡིན་པས་ཆ་ནས་བློ་མི་མཐུན་པ་ཡོང་གི་འདུག་སོང་ཙང་གནས་ཚུལ་གསལ་པོ་ཤེས་རྟོགས་ཡོང་ཆེད་བོད་ཀྱི་རྒྱལ་རབ་ལོ་རྒྱུས་ཀློག་པ་དང་དེ་ནས་རྒྱ་གར་ནང་བོད་མི་གནས་སྡོད་བྱ་ཡུལ་ས་ཁུལ་མང་པོ་ཞིག་ལ་བསྐྱོད་ནས་བོད་མི་ཚོ་དང་ཐད་ཀར་འབྲེལ་བ་བྱས་ཏེ། གནས་ཚུལ་རྒྱུས་ལོན་བྱེད་པ་ཡིན་མཐར་ཕྱི་ལོ་ ༢༠༢༡ ལོར་དེབ་བྲིས་འགོ་བཙུགས་ནས་ད་རིང་དེབ་དེ་དབུ་འབྱེད་དང་འགྲེམས་སྤེལ་ཞུ་ཐུབ་སོང་ཞེས་གསུངས་ཀྱི་འདུག
དེ་བཞིན་ཡང་ཁོང་ནས་བོད་ནང་འཛུགས་སྐྲུན་གྱི་ཆ་ནས་ཡར་རྒྱས་ཀྱི་རྣམ་པ་གསལ་པོ་མཐོང་རྒྱུ་འདུག་ཡིན་ན་ཡང་བོད་པའི་སློབ་གྲྭ་ཁག་ནང་རང་མི་རིགས་ཀྱི་སྐད་ཡིག་ལས་ལྷག་པ་རྒྱ་ཡིག་སློབ་ཁྲིད་དང་ང་སྡོད་སའི་ཉིང་ཁྲི་ས་ཁུལ་དུ་བོད་རིགས་ལས་རྒྱ་རིགས་མང་བ་མཐོང་རྒྱུ་འདུག་འདི་ནི་བོད་རིགས་རྒྱ་རིགས་སུ་འགྱུར་རྒྱུའི་རྒྱ་ནག་གཞུང་གི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་པོ་མཐོང་གི་འདུག་ཅེས་གསུངས་བྱུང་།
དཔེ་དེབ་འདི་ནི་རྩོམ་པ་པོ་ཁོང་ཕྱི་ལོ་ ༢༠༡༥ ལོར་དངོས་སུ་བོད་ནང་སྐྱོད་པའི་མྱོང་ཚོར་དང་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་འོག་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་གཏོར་དང་བོད་མིའི་ངོ་བོ་དང་བཅས་པ་རྩ་མེད་གཏང་རྒྱུའི་ཐབས་བྱུས་ངན་པ་གསལ་སྟོན་གནང་ཡོད་པ་མ་ཟད་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་དང་། བོད་མིའི་ངོ་བོ། རྒྱ་ནག་གཞུང་གིས་གསར་དུ་གཏན་ལ་ཕབ་པའི་སྲིད་བྱུས་ཀྱི་ཕམ་ཉེས། རྒྱ་ནག་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློ་ཤུགས་ཆེ་རུ་ཕྱིན་པར་བརྟེན་ནས་རྒྱ་གར་སོགས་རྒྱལ་ཁབ་ཁག་གཅིག་ལ་ཚད་ལས་བརྒལ་བའི་གྱོང་གུད་བྱུང་ཡོད་ཚུལ་སོགས་འཁོད་ཡོད་པ་རེད་འདུག དེ་བཞིན་དཔེ་དེབ་འདིའི་ནང་བོད་ནང་གི་བོད་མིའི་དངོས་ཡོད་གནས་སྟངས་སྤྱི་དང་ལྷག་པར་དུ་ཁོང་ཚོའི་ཚོར་བ་དང་སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་དང་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློས་འགེལ་ཡོད་སྐོར་གསལ་སྟོན་གནང་ཡོད་པ་རེད་འདུག
སྐུ་ཞབས་ཅནྡྲ་བུ་ཤན་ལགས་ནི་རྒྱ་གར་གྱི་གསར་འགོད་པ་སྐུ་བགྲེས་པ་ཞིག་དང་དེ་སྔ་ཁོང་ནཝ་བྷ་རཏ་དུས་བབ་སོགས་རྒྱ་གར་གྱི་གསར་ཁང་འདྲ་མིན་ནང་ལོ་མང་རིང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད་ཞོར་དུ་སྙན་ངག་དང་དཔེ་དེབ་ཁག་གཅིག་བརྩམས་མྱོང་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།