རྒྱ་ནག་གཞུང་གིས་བོད་མིར་དགོས་ངེས་མཐུན་རྐྱེན་སྐྲུན་དགོས་པ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་གཞུང་ཚབ་ལ་བོད་ནང་གི་བོད་མིར་དགོས་ངེས་མཐུན་རྐྱེན་སྐྲུན་དགོས་བརྗོད་ཡོད་པ་རེད།

2008.11.22

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་སྡེ་ཚན་འཛམ་གླིང་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་ལམ་ལུགས་འགོག་ཐབས་ཚོགས་ཆུང་གི་འབྲེལ་ཡོད་འགན་འཛིན་རྣམ་པ་ཚོས་རྒྱ་ནག་གཞུང་གིས་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ནང་བོད་མི་ཚོར་དྲག་གནོན་བྱས་ནས་བོད་མི་མང་པོ་འཛིན་བཟུང་དང་བཙོན་འཇུག་བྱས་ནས་ཁོང་ཚོར་ཉེས་བརྡུང་མནར་གཅོད་ཚོད་མེད་བཏང་ཡོད་པའི་བྱ་སྤྱོད་དེ་ཚོར་རྒྱ་ནག་སྲིད་གཞུང་གིས་བསྒྱུར་བཅོས་གཏང་དགོས་པ་མ་ཟད་ཉེས་བརྡུང་ཕོག་པའི་བོད་མི་ཚོར་སྨན་བཅོས་སོགས་དགོས་ངེས་ཅན་གྱི་མཐུན་རྐྱེན་སྐྲུན་དགོས་ཀྱི་རེད་ཅེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཚོགས་བཞུགས་གནང་བའི་རྒྱ་ནག་གི་གཞུང་ཚབ་ལ་བརྗོད་ཡོད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོར་མནར་གཅོད་ལྷན་ཁང་གིས་རྒྱ་ནག་ནང་མི་སེར་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་མ་ཟད་བཙོན་འཇུག་བྱེད་པའི་རིང་དང་དེ་བཞིན་དོ་དམ་ཁང་དུ་བཀག་ཉར་བྱེད་པའི་རིང་ཉེས་བརྡུང་མནར་གཅོད་ཚོད་མེད་གཏོང་གི་ཡོད་པའི་ཐོག་ལ་མི་ཁག་ཅིག་རྒྱུ་རྐྱེན་གསལ་པོ་མེད་པའི་ཐོག་ནས་རྐྱེན་འདས་སུ་འགྲོ་ཡོད་པ་དང་ལྷག་པར་དུ་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་ཞི་བའི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་བོད་མི་མང་པོ་འཛིན་བཟུང་བྱས་ཏེ་ཁོང་ཚོར་ཉེས་བརྡུང་མནར་གཅོད་ཚོད་མེད་གཏོང་བཞིན་པའི་གནས་སྟངས་སོགས་ཀྱི་སྐོར་སྙན་ཐོ་བཏོན་གནང་ཡོད་པ་དེའི་ཐོག་ཉེ་ཆར་གཟའ་པ་སངས་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མནར་གཅོད་འགོག་ཐབས་གནང་མཁན་གྱི་རང་དབང་ལྡན་པའི་མཁས་དབང་མི་གྲངས་བཅུས་ཞིབ་བཤེར་གནང་ཡོད་པ་དང་མཁས་དབང་ཚོས་སྙན་ཐོའི་ཐོག་ཞིབ་བཤེར་གནང་བའི་རྗེས་རྒྱ་ནག་གི་སྐུ་ཚབ་ལ་རྒྱ་ནག་གཞུང་གིས་གོང་ཞུས་སྙན་ཐོའི་ནང་འཁོད་པའི་གནད་དོན་དེ་ཚོར་ངེས་པར་དུ་གསལ་བཤད་དང་བསྒྱུར་བཅོས་གཏང་དགོས་པའི་སྐོར་ཐེར་འདོན་གནང་ཡདོ་པ་རེད། ཡིན་ནའང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་ལིའི་བའོ་ཏུང་གིས་རྒྱ་ནག་ནང་ཁྲིམས་ལུགས་འཐུས་གུ་ཚང་བ་ཞིག་ཡོད་པ་བཞིན་ཁྲིམས་འགལ་བ་ཚོར་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཐག་ཉེས་ཆད་བཅད་པ་ལས་གང་བྱུང་ཉེས་བརྡུང་མནར་གཅོད་གཏོང་བ་དང་ཡང་ན་ཁྲིམས་ལུགས་ལམ་སྲོལ་མ་བརྒྱུད་པར་མི་གང་བྱུང་འཛིན་བཟུང་རྩ་བ་ནས་བྱེད་ཀྱི་མེད་ལུགས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎