སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡིག་ཆ་ཨང་ ༡༢ མང་མོས་གཏན་འབེབས་གནང་མ་ཐུབ་པར་ཟགས་ཡོད་པ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་བཞུགས་སྒར་དུ་བསྐྱང་བཞིན་པ་ལས། སྤྱི་ཟླ་ ༣ པའི་ཚེས་ ༢༢ གྲོས་ཚོགས་ལས་ཉིན་ལྔ་བའི་སྟེང་། ཕྱི་ལོ་ ༢༠༠༣ ཟླ་བ་ ༤ པའི་ཚེས་ ༡ འཁོད་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་བའི་ཡིག་ཆ་ཨང་ ༤༠ དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཨང་ ༢༠༠༣།༡༣།༥།༥༣ པ་མང་མོས་གཏན་འབེབས་གནང་བའི་ནང་། ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་དེ་མིན་སྤྱི་འཐུས་རྣམས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་ས་ཆ་ཆ་བགོས་རེའུ་མིག་གཏན་འབེབས་གནང་བ་ལྟར་འགན་འཁུར་རྒྱུ་ཞེས་སོགས་གསལ་བ་བཞིན་ད་བར་ལག་བསྟར་ཚུལ་བཞིན་བྱུང་མེད་པ་དང་། ད་ལྟའི་ཆར་དུས་ཀྱི་འགྱུར་འགྲོས་དང་མང་ཚོགས་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་གནས་སྟངས་གང་ལ་ལྟོས་ཀྱང་གྲོས་ཆོད་དེ་ཉིད་དགོས་གལ་མ་མཐོང་བས་གྲོས་ཆོད་དེ་ཕྱིར་འཐེན་གྱི་གྲོས་ཆོད་ཅིག་འཇོག་དགོས་གལ་དུ་མཐོང་ཞེས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ནས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཅིག་བཏོན་གནང་ཡོད་པ་རེད།
གྲོས་ཚོགས་སུ་གྲོས་ཆོད་གྲོས་འཆར་དེའི་སྐོར་ལ་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་ཕྱིར་འཐེན་བྱེད་གཞིའི་གྲོས་ཆོད་དེ་ནི། ད་ལྟའི་ཆར་ང་ཚོ་ལ་ཁ་པར་གྱི་དོད་ཟེར་ནས་དངུལ་སྤྲད་བསྡད་པ་དེའི་གྲོས་ཆོད་མ་གཏོགས། གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ་བའི་སྐོར་མིན་སྟབས་དགོས་མཁོ་མི་འདུག་ཅེས་དགག་བྱ་གནང་གི་འདུག
ཡིན་ནའང་གྲོས་ཆོད་གྲོས་འཆར་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས། ང་ཚོ་རྒྱ་གར་ནང་འདི་བར་འགྲོ་རྒྱུའི་ཆེད་ཁོ་ནར་ལོ་གཅིག་ལ་རྒྱ་གར་སྒོར་མོ་འབུམ་ཉི་ཤུ་བཏང་གི་ཡོད་པ་ལས་སླ་བོ་མ་རེད། ས་གནས་ས་ཐོག་ལ་མི་མང་ཆེ་བ་དཀའ་ངལ་འཕྲད་བསྡད་པ་རྐྱང་རྐྱང་ཡིན་པར་ཕན་ཐོགས་ཀྱི་མི་འདུག དེ་ལས་འཛིན་སྐྱོང་གི་ཐོག་ནས་མང་པོ་ཕེབས་ཐུབ་པ་ཡིན་ན་དེ་ཚོ་ལ་སྐུ་དབང་དང་སྒོར་མོ་གནང་རྒྱུའི་ཐག་གཅོད་ཀྱི་ནུས་པ་བཅས་ཡོད་པས་རྒྱབ་སྐྱོར་གནང་བ་གསལ་བཤད་གནང་གི་འདུག
གཞན་ཡང་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ནས་གྲོས་ཆོད་ཕྱིར་འཐེན་དེ་ལ་རྒྱབ་སྐྱོར་མི་བྱེད་དོན་ནི། ཁ་དང་ལག་པའི་བར་གྱི་ཐུར་མ་ལྟ་བུ་དེ་སྤྱི་འཐུས་ཆགས་ཡོད་པ་དང་། གཞུང་དང་མི་མང་གི་བར་འབྲེལ་བ་དེ་སྤྱི་འཐུས་ཀྱི་ཐོག་ནས་ད་ལྟ་ཡོད་པ་བཞིན་ཕེབས་ཐུབ་ན་ཡག་པོ་ཡོད་པ་གསལ་སྟོན་གནང་གི་འདུག
གྲོས་ཆོད་གྲོས་འཆར་དེའི་སྐོར་བགྲོ་གླེང་གི་མཐར་གྲོས་ཚོགས་ནང་གྲོས་ཆོད་དེ་གཏན་འབེབས་གནང་བར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༣ དང་། གཏན་འབེབས་ལ་དགག་བྱ་གནང་མཁན་ ༣༤ བྱུང་སྟེ། སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡིག་ཆ་ཨང་ ༡༢ མང་མོས་གཏན་འབེབས་བྱ་མ་ཐུབ་པར་ཟགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།