ཐའེ་ལྦན་གྱི་སྲིད་འཛིན་མ་ཡིན་ཇོ་འོས་བསྡུ་ཕམ་པའི་ཉེན་བརྡ།
2010.01.10
༄༅༎རེས་གཟའ་སྤེན་པའི་ཉིན་ཐའེ་ལྦན་གྱི་ས་གནས་གསུམ་ནང་གི་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ནང་སླར་ཡང་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན་ནས་ སྲིད་འཛིན་མ་ཡིན་ཇོ་ལ་མ་འོངས་པའི་ཕྱི་ལོ་༢༠༡༢གྱི་སྲིད་འཛིན་འོས་བསྡུར་ཕམ་ཉེས་འགྲོ་རྒྱུའི་ཉེན་ཁ་ཞིག་ཡིན་པ་རེད།
ཐའེ་ལྦན་དབུས་འོས་བསྡུ་ལྷན་ཁང་གིས། རེས་གཟའ་སྤེན་པའི་ཉིན་ཐའེ་ལྦན་གྱི་ས་གནས་ཐའོ་ཡོན་དང་ཐའེ་ཀྲུང་ ཐའེ་ཐུང་གསུམ་ནང་གི་འོས་བསྡུ་དེ་ཐའེ་ལྦན་རང་བཙན་གྱི་འདོད་ཕྱོགས་འཛིན་མཁན་དམངས་གཙོ་ཡར་རྒྱས་ཚོགས་པར་རྒྱལ་ཁ་ཐོབ་པའི་སྐོར་གསུངས་ཡོད་ཅིང། ཁ་སྔོན་ཕྱི་ཟླ་༡༢པའི་ནང་ས་གནས་ཁག་ཅིག་ནང་འོས་བསྡུའི་གྲུབ་འབྲས་ཀྱང་དམངས་གཙོ་ཡར་རྒྱས་ཚོགས་པར་རྒྱལ་ཁའི་རྣམ་པ་ཤུགས་ཆེ་བ་བྱུང་ཡོད་པར་བརྟེན་རྒྱ་ནག་དུས་བབ་ཟེར་བའི་གསར་ཤོག་ཐོག་ལ། ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་དེ་ནི་སླར་ཡང་སྲིད་འཛིན་མ་ཡིང་ཇོ་དང་ཁོང་གི་གོ་མིང་ཏང་ཚོགས་པ་གཉིས་ལ་ཕྱི་ལོ་༢༠༡༢ཀྱི་སྲིད་འཛིན་འོས་བསྡུར་ཕམ་ཉེས་འགྲོ་རྒྱུའི་ཉེན་བརྡ་ཕར་མ་ཞིག་ཡིན་པ་བཤད་ཡོད་པ་མ་ཟད། ཐའེ་ལྦན་གཞུང་འཛིན་གོ་མིང་ཏང་གི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང། ཉེ་ཆར་ཕྱི་ཟླ་༡༢པའི་ནང་ཐའེ་ལྦན་གྱི་ས་གནས་ཁག་ཅིག་ནང་གལ་ཆེ་ས་གནས་འོས་བསྡུའི་ལས་དོན་སྤེལ་བའི་རྗེས་འོས་བསྡུའི་ལས་དོན་གཉིས་པ་དེ་ནི་ཟླ་བ་གཅིག་གི་དུས་ཚོད་ནང་གོ་སྒྲིག་བྱས་པ་དེ་ཐུད་ཤོར་ཕྱིན་པའི་སྐྱོན་ཆ་གཅིག་དང། གཉིས་ནས་ཐའེ་ལྦན་གྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་དམིགས་པའི་རྒྱ་ནག་དང་འབྲེལ་ལམ་ཉེ་རུ་གཏོང་བའི་སྲིད་ཇུས་འཛིན་པར་བརྟེན་ནས་སྲིད་འཛིན་མ་ཡིང་ཇོ་ལ་ཕམ་ཉེས་རྣམ་པ་མངོན་གསལ་ཆེ་རུ་འགྲོ་བའི་འབྱུང་རྐྱེན་དེ་གཉིས་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། སྲིད་འཛིན་མ་ཡིང་ཇོ་ཡིས་ན་ནིང་ཕྱི་ཟླ་གསུམ་པའི་ནང་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་གི་མཉམ་དུ་དཔལ་འབྱོར་གྱི་འབྲེལ་ལམ་ཉེ་རུ་གཏོང་བའི་སྲིད་ཇུས་ལ་ཐེ་དབན་རང་བཙན་གྱི་ལྟ་བ་འཛིན་མཁན་ཚོས་མི་དགའ་བའི་ཁོང་ཁྲོ་བྱེད་པ་དང། དེའི་ནང་ནས་དམངས་གཙོ་ཡར་རྒྱས་ཚོགས་པ་དེ་ནི། དམིགས་བསལ་གྱིས་སྲིད་འཛིན་མ་ཡིང་ཇོ་ཡིས་རྒྱ་ནག་དང་འབྲེལ་ལམ་ཉེ་རུ་གཏོང་བའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཏེ། འབྲེལ་ལམ་དེ་ཡིས་ཐའེ་ལྦན་རང་བཙན་ཕྱོགས་སུ་བསྐྱོད་རྒྱུར་འགོག་རྐྱེན་བྱེད་པ་དང། གཉིས་ནས་རྒྱ་ནག་གི་རིན་གོང་ཁེ་བའི་དངོས་ཟོག་ཐའེ་ལྦན་ནང་ཕྱིར་ཚོང་བྱས་ཏེ་ཐའེ་ལྦན་གྱི་ལས་བཟོ་བ་སྟོང་ཕྲག་མང་པོ་ལས་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཡིན་པ་བརྗོད་ཀྱི་ཡོད་པ་རེད།