དྲ་རྒྱའི་བདག་དབང་ལ་གུས་བརྩི་ཞུ་དགོས་པའི་ནན་སྐུལ།
2015.12.16
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཕྱི་རྒྱལ་གྱི་ཚོང་དོན་ཚན་པ་ཚོའི་ཁྲིམས་ཐོག་གི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུའི་ནན་བརྗོད་གནང་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས། དེ་རིང་གཟའ་ལྷག་པའི་ཉིན་Wuzhenགྲོང་ཁྱེར་ནང་བསྐོངས་ཚོགས་གནང་བའི་འཛམ་གླིང་དྲ་རྒྱའི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གནང་བའི་ནང་། རྒྱ་ནག་ནང་ཕྱི་རྒྱལ་གྱི་ཚོང་པ་མ་རྩ་འཛུགས་མཁན་ཚོའི་ཐོབ་ཐང་ལ་ང་ཚོས་སྲུང་སྐྱོབ་བྱེད་རྒྱུར་ང་ཚོས་འགྱུར་བ་གཏོང་རྒྱུ་མིན་ལ་འཛམ་གླིང་ཁྱོན་ཡོངས་ནས་ཚོང་པ་ཚོས་རྒྱ་ནག་ནང་མ་རྩ་འཛུགས་མཁན་ཚོར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་བ་དང་མཉམ་དྲ་རྒྱའི་བདག་དབང་ལ་གུས་བརྩི་ཞུ་དགོས་པ་ནན་སྐུལ་བྱས་འདུག
ཡང་གོང་ཞུས་གནས་ཚུལ་ནང་བཀོད་པ་ལྟར་ན། སྤྱིར་བཏང་རྒྱ་ནག་ནང་དྲ་རྒྱ་བརྒྱུད་ནས་ཚོང་དོན་བྱེད་མཁན་གྱི་ཚན་པ་ཚོའི་ཐོག་རྟོག་ཞིབ་དང་། བཀོད་བསྡོམ་བྱེད་པའི་གནས་ཚུལ་ཡོང་གི་ཡོད་ཀྱང་། འཛམ་གླིང་ནང་ནས་མི་འབོར་ཆེ་ཤོས་རྒྱ་ནག་རྒྱལ་ཁབ་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཡང་མི་གྲངས་ས་ཡ་བདུན་བརྒྱ་ཙམ་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་Facebookའམ་ངོ་དེབ་དང་། Googleཞེས་པའི་དྲ་ལམ་ཚན་པ་གཉིས་ཀྱི་གཙོས་དྲ་རྒྱའི་བརྒྱུད་ལམ་ནས་ཚོང་གི་ཁེ་ཕན་ཡོང་ཐབས་སུ་རྒྱ་ནག་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་པ་རེད།
འོན་ཀྱང་ད་རེས་སྲིད་འཛིན་ཞེ་ཅིན་ཕེན་མཆོག་གིས་ཕྱི་རྒྱལ་གྱི་ཚོང་པ་ཚོ་སྲུང་སྐྱོབ་གནང་རྒྱུའི་ཁས་ལེན་གནང་རྒྱུ་ཡིན་ལུགས་གསུངས་མིན་ལ་མ་ལྟོས་པར་། རྒྱ་ནག་ནང་དྲ་རྒྱ་ཙམ་མ་ཡིན་པར་ཚོང་འབྲེལ་བྱེད་རྒྱུའི་ཐོག་སྟངས་འཛིན་ནན་པོ་ཡོད་པའི་ཐོག་ལོ་འདིའི་ཕྱི་ཟླ་བདུན་པའི་ནང་། རྒྱ་ནག་གི་གྲོས་ཚོགས་ནང་ཁྲིམས་གཞི་ཞིག་གསར་གཏོད་ཀྱི་ཟིན་བྲིས་བཀོད་པའི་ནང་། རྒྱ་ནག་གཞུང་ནས་དྲ་རྒྱ་དང་། གཞན་ཡང་ཚོང་དོན་ཚན་པ་ཁག་གི་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཀོད་ཡོད་པ་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།