ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏིན་ཧོས་སྐུ་གྲོངས་འདུག


2020.07.30
ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏིན་ཧོས་སྐུ་གྲོངས་འདུག ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏིན་ཧོས་ནས་༸གོང་ས་མཆོག་དང་མཇལ་མོལ་གནང་སྐབས། ༡༩༩༧།༣།༢༧
ཨེ་ཨེཕ་པི།

ཐེ་ཝན་གྱི་སྲིད་འཛིན་ཟུར་བ་སྐུ་ཞབས་ལི་ཏིན་ཧོས་ཕྱི་ཟླ་༧ཚེས་༣༠ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་ཡི་རོང་མེན་སྨན་ཁང་དུ་སྙུང་གཞིའི་རྐྱེན་སྐུ་གྲོངས་ཡོད་ལ་དགུང་གྲངས་༩༧རེད།  རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནང་ཁོང་ལ་ཐེ་ཝན་གྱི་དམངས་གཙོའི་སྐུ་ཞབས་ཞེས་འབོད་སྲོལ་ཡོད་ལ། སྐུ་ཞབས་ལི་ཏིན་ཧོས་ནི་དེ་སྔོན་ཐེ་ཝན་ནང་ཧ་ཅང་མཚན་སྙན་དབང་ཐང་ལྡན་པའི་སྲིད་དོན་མི་སྣ་ཞིག་དང་། ཁོང་གིས་ཐེ་ཝན་གྱི་དམངས་གཙོའི་ཆབ་སྲིད་ཐད་འགྱུར་བ་ཆེན་པོ་བཏང་ཡོད་པ་རེད།

ཕྱི་ལོ་༡༩༨༨ལོར་སྲིད་འཛིན་གཞོན་པའི་འགན་བཞེས་བཞིན་པའི་ལི་ཏིན་ཧོས་ནས་སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་ཅང་ཇིན་ཀོ་སྐུ་གཤེགས་རྗེས་སྲིད་འཛིན་དུ་བསྐོ་བཞག་བྱས་པ་དང་། ཕྱི་ལོ་༡༩༩༦ལོར་ཐེ་ཝན་ནང་ཐེངས་དང་པོར་དམངས་གཙོའི་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་སྟེ། ཐེ་ཝན་གྱི་མི་དམངས་ཀྱིས་ཐད་ཀར་འདེམས་པའི་སྲིད་འཛིན་ཐོག་མ་དེ་ཆགས་པ་རེད། དེ་བཞིན་བོད་དང་ཐེ་ཝན་མི་དམངས་ལ་མཚོན་ནའང་ལོ་རྒྱུས་གནད་འགག་ཆགས་ཡོད་པ་དང་།  ཕྱི་ལོ་༡༩༩༧ལོར་སྐབས་དེའི་སྲིད་འཛིན་ལི་ཏིན་ཧོས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་སོག་ལས་ཁུངས་བརྒྱུད་མ་དགོས་ཐད་ཀར་ཐེ་ཝན་ནང་གདན་འདྲེན་ཞུས་པ་མ་ཟད་།༧གོང་ས་མཆོག་དང་མཇལ་འཕྲད་གནང་སྟེ་བོད་ཀྱི་དོན་གཅོད་ལས་ཁང་སྟེ་ཐེ་ཝན་བོད་ཀྱི་ཆོས་དང་རིག་གཞུང་ཐེབས་རྩ་ཁང་དབུ་འབྱེད་ཀྱི་མཛད་སྒོར་ལི་ཏིན་ཧོས་སྐུ་དངོས་སུ་མཉམ་ཞུགས་ཀྱིས་ཕྱི་རྒྱལ་གྱི་དབུ་ཁྲིད་ཅིག་བོད་ཀྱི་དོན་གཅོད་ཁང་དབུ་འབྱེད་མཛད་སྒོར་ཞུགས་པ་ཐོག་མ་དེ་ཡིན་ཞིང་།   དེ་ནས་བཟུང་ཐེ་ཝན་དང་བོད་དབར་གྱི་འབྲེལ་བ་གཞི་རྩ་བརྟན་པོ་ཚུགས་པ་སོགས་ཀྱི་སྐོར་ལ་ཐེ་ཝན་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་ངོ་སྤྲོད་གནང་བྱུང་།  དེ་བཞིན་ཡང་ཟླ་བ་ཚེ་རིང་ལགས་ནས་སྐུ་ཞབས་ལི་ཏིན་ཧོས་ནས་ཆབ་སྲིད་ཀྱི་དབུ་ཁྲིད་མིན་པའི་དུས་སུའང་ནམ་རྒྱུན་བོད་དོན་ཐད་རྒྱབ་སྐྱོར་དང་།  ལྷག་པར་ཁོང་རང་ཉིད་ཡེ་ཤུའི་ཆོས་བ་ཞིག་ཡིན་པས་ཆ་ནས་བོད་མིའི་ཆོས་ལུགས་དད་མོས་རང་དབང་ཐད་ཀྱང་རྒྱབ་སྐྱོར་དང་དོ་སྣང་གནང་སྟེ་བོད་མི་ཚོར་བཀའ་དྲིན་ཧ་ཅང་ཆེ་བའི་མི་སྣ་ཞིག་ཡིན་པ་མུ་མཐུད་དུ་གསུང་གི་འདུག

སྐུ་ཞབས་ལི་ཏིན་ཧོས་ནི་ཕྱི་ལོ་༡༩༢༣ལོར་ཉི་ཧོང་གི་དབང་བསྒྱུར་སྐབས་ཀྱི་ཐེ་ཝན་གྱི་ད་ལྟའི་ཞིན་པེ་རུ་སྐུ་འཁྲུངས་བ་དང་།   ཆུང་དུས་ནས་ཉི་ཧོང་ནས་སློབ་གཉེར་གནང་བ་དང་།    རྗེས་སུ་དམག་འཁྲུག་རྐྱེན་ཕྱིར་ཐེ་ཝན་དུ་ལོག་ནས་།  སྤྱི་ལོ་༡༩༤༩ལོར་ཐེ་ཝན་སློབ་ཆེན་ནས་བསླབ་པ་མཐར་སོན་དང་།   ཕྱི་ལོ་༡༩༥༢ལོར་ཨ་རིར་བསྐྱོད་དེ་ཞིབ་འཇུག་སློབ་མ་མཐར་ཕྱིན་ནས་ཕྱིར་ཐེ་ཝན་དུ་ལོག་པ་དང་།   ཕྱི་ལོ་༡༩༧༢ལོར་སྐབས་དེའི་ཐེ་ཝན་གྱི་སྲིད་བློན་ཅང་ཇིན་ཀོ་ཡི་བློར་བབས་ནས་ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་པ་སོགས་ཀྱི་འགན་བཞེས་བ་དང་།   ཕྱི་ལོ་༡༩༨༤ལོར་ཅང་ཇིན་ཀོ་ནས་སྲིད་འཛིན་གཞོན་པར་བཞག་པ་དང་།   ཕྱི་ལོ་༡༩༨༨ལོར་ཅང་ཇིན་ཀོ་སྲིད་འཛིན་ལས་ཐོག་ནས་སྐུ་གྲོངས་རྗེས་སྲིད་འཛིན་ཆགས་པ་རེད།   དེའི་རྗེས་ཐེ་ཝན་ཀོ་མེན་ཏང་ཚོགས་པ་དང་། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་གཉིས་ཀྱི་སྐུལ་སྤེལ་འོག་ཐད་ཀར་མི་དམངས་ཀྱི་སྲིད་འཛིན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་ནས་ཐད་ཀར་མི་དམངས་ནས་འདེམས་པའི་ཐེ་ཝན་གྱི་སྲིད་འཛིན་ཐོག་མ་དེ་ཆགས་པ་རེད།  ལོ་རབས་དགུ་ཅུའི་ནང་ཁོང་ནི་ཐེ་ཝན་གྱི་སྲིད་དོན་གར་སྟེགས་སྟེང་དབང་ཤུགས་ཆེ་ཤོས་ཀྱི་མི་སྣ་དེ་ཡིན་ཞིང་།   ཐེ་ཝན་ནང་དམག་དོན་འཁྲུག་རྐྱེན་སློང་མ་དགོས་པར་ཐེ་ཝན་གྱི་དམངས་གཙོའི་འཕེལ་རིམ་མངོན་འགྱུར་བྱས་ཏེ།  ཕྱི་ལོ་༢༠༠༠ལོར་ཐེ་ཝན་སྲིད་འཛིན་འོས་འདེམས་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་ཁྲིན་ཧྲོས་པེན་ལ་རྒྱལ་ཁ་ཐོབ་པ་དང་།   སྐུ་ཞབས་ལི་ཏིན་ཧོས་ཡིས་སྣེ་ཁྲིད་དེ་རྒྱལ་སྤྱིའི་སྟེང་ཐེ་ཝན་གྱི་བདག་དབང་རང་བཙན་གྱི་ལངས་ཕྱོགས་གསལ་བསྒྲགས་གནང་བ་དང་།  རྒྱལ་ཁབ་གཉིས་གླེང་བ་ཞེས་པའི་ལྟ་བ་བཏོན་པར་བརྟེན་རྒྱ་ནག་གཞུང་ལ་ཁོང་ཁྲོ་བསླང་ཡོད་ཀྱང་། རྒྱལ་སྤྱིའི་གསར་ལམ་ནང་ཁོང་ལ་ཐེ་ཝན་གྱི་དམངས་གཙོའི་སྐུ་ཞབས་ཞེས་འབོད་ཀྱིན་ཡོད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎