ཨ་རིའི་སྲིད་འཛིན་གྱི་ལོ་རེའི་རྒྱལ་དོན་གསུང་བཤད།
2011.01.26
༄༅༎ཨ་རིའི་སྲིད་འཛིན་སྦ་རག་ཨོའོ་བ་མ་ཡིས་གཟའ་མིག་དམར་གྱི་དགོང་དྲོ་ཨ་རིའི་གྲོས་ཚོགས་སུ་མ་འོངས་ལོ་གཅིག་ནང་ཨ་རི་གཞུང་གིས་སྲིད་བྱུས་འཛིན་ཕྱོགས་སྐོར་གྱི་རྒྱལ་དོན་གསུང་བཤད་གནང་ཡོད་པ་དང་ དེའི་ནང་གཙོ་བོ་དཔལ་འབྱོར་དང་ སློབ་གསོ་ སྲིད་གཞུང་གི་འཛུགས་སྐྲུན་འཕེལ་རྒྱས་ལས་འཆར་ ལྷག་པར་དུ་གསར་གཏོད་ཀྱི་ལས་འཆར་ཐོག་ཤུགས་སྣོན་སྐྱོན་རྒྱུ་སོགས་གསུང་བཤད་གནང་ཡོད་ཅིང་ སྲིད་འཛིན་མཆོག་ནས་ཕྱི་ལོ་༡༩༦༠རེ་གྲངས་ནས་མཁའ་དབྱིངས་གོ་ལའི་ནང་ཚན་རིག་ཉམས་ཞིབ་ལས་དོན་སྤེལ་རྒྱུའི་དྲན་བསྡུར་བྱུང་བ་ནས་བཟུང་ཨ་རི་གཞུང་གིས་ལས་གཞི་དེ་ཚོའི་ཐོག་ཤུགས་སྣོན་རྒྱབ་ཡོད་པ་དང་ མ་འོངས་སྨན་བཅོས་ཉམས་ཞིབ་ལས་དོན་དང་ཚན་རིག་ལག་རྩལ་དང་ ལྷག་པར་དུ་མཁའ་རླུང་གཙང་བཟོའི་ཚན་རིགས་ལག་རྩལ་ཐོག་ཤུགས་སྣོན་རྒྱབ་ནས་ ཕྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་སླེབས་དུས་ཨ་རིའི་ནང་གློག་གིས་འགུལ་སྐྱོད་ཐུབ་པའི་མོ་ཊའི་རིགས་ས་ཡ་གཅིག་ཙམ་བེད་སྤྱོད་བྱེད་མཁན་ཡོང་ཐབས་གནང་རྒྱུ་སོགས་གསུང་བཤད་གནང་ཡོད་པ་རེད་ སྲིད་འཛིན་མཆོག་ནས་རྒྱལ་དོན་གསུང་བཤད་གནང་བའི་ནང་ད་དུང་ཨ་རིའ་དཔལ་འབྱོར་གནས་སྟངས་བཟང་ཕྱོགས་སུ་བསྐྱོད་ཐབས་ཀྱིས་ལས་ཤོར་མི་སྣའི་དཀའ་ངལ་སེལ་རྒྱུར་ལས་ཀ་མང་ཙམ་སྐྲུན་ཐབས་དང་ ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་དཔལ་འབྱོར་བསྒྱུར་བཅོས་དང་གཞི་རྩའི་འཛུགས་སྐྲུན་ལས་གཞི་མང་དུ་གཏོང་ཐབས་ སྔོ་ལྗངས་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དང་ ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཨ་རིའི་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་མང་དུ་གཏོང་རྒྱུ་སོགས་ཀྱི་ཐབས་ལམ་ཐོག་ནས་ཨ་རིའི་ནང་གི་ལས་ཤོར་མི་སྣའི་གྲངས་འབོར་ཉུང་དུ་གཏོང་ཐབས་སོགས་གཙོ་བོ་དཔལ་འབྱོར་གནད་དོན་སྐོར་དང་ དེ་བཞིན་ལས་ཤོར་མི་སྣའི་གྲངས་འབོར་ཉུང་དུ་གཏོང་ཐབས་ཐོག་ཤུགས་སྣོན་སྐྱོན་རྒྱུ་གསུང་བཤད་གནང་ཡོད་པ་རེད་ ཨ་རིའི་སྲིད་འཛིན་གྱི་རྒྱལ་དོན་གསུང་བཤད་སྒྲུབ་པའི་རྗེས་ཕྱི་ཕྱོགས་ནས་བསམ་ཚུལ་འདྲ་མིན་བརྗོད་མཁན་ཡོད་ཅིང་ ཁག་ཅིག་གིས་སྲིད་འཛིན་ཨོའོ་བ་མ་ཡིས་ཨ་རིའི་སྔོན་རྩིས་འབྱུང་སོང་ཁ་མི་ཐུབ་པའི་གྲངས་འབོར་ཉུང་དུ་གཏོང་ཐབས་བྱ་རྒྱུའི་འཆར་གཞི་ཡོད་ལུགས་གསུང་ཡོད་ན་ཡང་ གང་དྲ་བྱས་ནས་འབྱུང་སོང་ཁ་མི་འདུམ་པའི་གནས་སྟངས་སེལ་རྒྱུའི་སྐོར་ཁ་གསལ་འགྲེལ་བཤད་མེད་པའི་སྐོར་སོགས་སྲིད་འཛིན་གྱི་རྒྱལ་དོན་གསུང་བཤད་ཀྱི་ནང་དོན་ཁག་ཅིག་གི་ཐོག་དོགས་གཞི་དང་འགྲེལ་བཤད་ཁ་གསལ་མེད་པའི་སྐོར་གསུང་གི་ཡོད་འདུག