༸གོང་ས་མཆོག་གིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་པིར་ཏི་ཛིན་ཏ་ལགས་སུ་མཇལ་ཁ་སྩལ་བ།

རྒྱལ་སྤྱིའི་ཁྱོན་དང་ལྷག་པར་རྒྱ་གར་ནང་དར་ཁྱབ་ཆེ་མཐོང་ཆེན་པོ་ཡོད་པའི་རྩེད་རིགས་དབྱུག་རྩེད་སྤོ་ལོ་Cricketརྩེད་འགྲན་ཞིག བཞུགས་སྒར་རྡ་རམ་ས་ལར་པཎ་ཇམ་རུ་ཁག་Kings XI Punjabདང་ལྡི་ལི་རུ་ཁག་Delhi Capitalགི་བར་གནང་གི་ཡོད་སྐབས་དང་བསྟུན། པཎ་ཇབ་རུ་ཁག་གི་སྦྱིན་བདག་རྒྱ་གར་གྱི་བུད་མེད་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་པིར་ཏི་ཛིན་ཏ་ལགས། སྤྱི་ཟླ་༥པའི་ཚེས་༡༧ཉིན་བཞུགས་སྒར་ཕོ་བྲང་དུ་ཆེད་བཅར་གྱིས། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། རྒྱ་གར་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་པིར་ཏི་ཛིན་ཏ་ལགས་ནས། ༸གོང་ས་མཆོག་གིས་མཇལ་ཁའི་དུས་ཚོད་སྩལ་བ་ཧ་ཅང་བཀའ་དྲིན་ཆེན་པོར་ཚོར་གྱི་ཡོད་པ་དང་། ༸གོང་ས་མཆོག་གིས་གནད་དོན་སྣེ་མང་གི་ཐོག་ལམ་སྟོན་ཕེབས་པ་འགྲེལ་བརྗོད་གནང་དོན། ཁོང་གིས་༸གོང་ས་མཆོག་གིས་ནང་ཆོས་དང་འབྲེལ་བའི་སྐོར་དང་རྒྱ་གར་ནང་བཞུགས་པའི་གནས་སྟངས། རྡ་རམ་ས་ལར་བཞུགས་པའི་སྐོར་སོགས་བཀའ་སློབ་སྣེ་མང་སྩལ་སོང་བ་དང་། ང་ཚོས་འདས་པའི་དུས་སུ་རྟག་པར་ཁོང་རྩེད་འགྲན་གྱི་གཟིགས་མོ་ལ་གདན་ཞུས་གནང་འདུན་ཡོད་ནའང་། ད་ལན་ང་ཚོ་ཁོང་གི་བྱིན་རླབས་ཞུ་ཆེད་དང་འཚམས་འདྲི་ལ་བཅར་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག་ཅིང་། གཞན་ཡང་མོ་རང་ཉིད་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། བཞུགས་སྒར་རྡ་རམ་ས་ལ་ནི་ཧ་ཅང་གིས་ས་ཆ་དམིགས་བསལ་ཅན་ཞིག་ཏུ་ཚོར་གྱི་ཡོད་པ་འགྲེལ་བརྗོད་གནང་དོན། ང་རང་ཧི་མ་ཅལ་གྱི་ས་ཁོངས་ཀི་མི་ཞིག་ཡིན་པའི་ཆ་ནས་རྡ་རམ་ས་ལ་ནི་ཧ་ཅང་དམིགས་བསལ་ཅིག་ཆགས་ཡོད་ཅིང་། ལོ་བརྒྱད་ཀྱི་རྗེས་སུ་འདི་གར་ཡོང་བ་ནི་སེམས་འགུལ་ཐེབས་པའི་གནས་ཚུལ་ཅིག་ཆགས་སོང་ལ། ང་རང་གི་རེ་བར་ང་ཚོར་ལམ་འགྲོ་ཡག་པོ་ཡོད་པའི་རེ་བ་དང་གནམ་གཤིས་ཀྱང་ཧ་ལས་པ་ཡག་པོ་འདུག་པས་ས་གནས་འདི་ལ་འབྱོར་ཏེ་ཧ་ཅང་དགའ་སྤྲོ་དང་། ༸གོང་ས་མཆོག་མཇལ་ཐེངས་རེ་རེ་བཞིན་བྱིན་རླབས་དང་སྐྱིད་སྣང་ཆེན་པོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༥པའི་ཚེས་༡༦ཉིན་༧གོང་ས་མཆོག་གིས་ལྡི་ལི་དང་པཎ་ཇབ་རུ་གཉི་གའི་རྩེད་འགྲན་པ་དང་ལས་བྱེད་ཁག་ཅིག་ལ་མཇལ་ཁ་བཀའ་སློབ་སྩལ་ཡོད་པ་མ་ཟད། སྤྱི་ཟླ་༥པའི་ཚེས་༡༧ཉིན་མོར་ཡང་རཱཛ་སི་ཏནRajasthan Royals་རུ་ཁག་གི་རྩེད་འགྲན་པ་ཕྱི་རྒྱལ་མི་རིགས་ཁག་ཅིག་ལའང་མཇལ་ཁ་གནང་ཡོད་ཅིང་། པཎ་ཇབ་རུ་ཁག་དང་ལྡི་ལི་རུ་ཁག་བར་གྱི་རྩེད་འགྲན་ནི་བཞུགས་སྒར་དུ་སྤྱི་ཟླ་༥པའི་ཚེས་༡༧དགོང་མོར་གནང་གི་ཡོད་པ་དང་། དེ་སྔ་སྤྱི་ལོ་༢༠༡༠ལོ་དང་༡༡ལོར་༸གོང་ས་མཆོག་དངོས་སུ་རྩེད་ཐང་དུ་ཆིབས་བསྒྱུར་གྱིས་རྩེད་འགྲན་པ་ཚོར་མཇལ་ཁ་བྱིན་རླབས་སྩལ་སྐབས་ཀྱང་། གློག་བརྙན་འཁྲབ་སྟོན་མ་གྲགས་པིར་ཏི་ཛིན་ཏ་ལགས་ནས་མཇལ་ཁ་བཀའ་སློབ་སོགས་ཞུས་མྱོང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།