དཔའ་བོ་དཔའ་མོ་འདས་ཡོངས་ལ་གདུང་སེམས་མཉམ་བསྐྱེད།
2012.04.21
༄༅༎ཕྱི་ཟླ་བཞི་པའི་ཚེས་༡༩ཉིན་བོད་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་ཆོས་འཕགས་དང༌། བསོད་ནམས་གཉིས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་སྟབས། བོད་གཞུང་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ཟླ་བཞི་པའི་ཚེས་༢༡་ཉིན་གྱི་ཕྱེད་ཡོལ་ཚོུད་༤་པའི་ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཏེ། རྣམ་པ་གཉིས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེས་མྱ་ངན་རྗེས་དྲན་ཞུ་སླད། ལས་ཁུངས་ཁག་སྒོ་བརྒྱབ་སྟེ་ རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་རྒྱལ་གྲ་ཆང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁང་གི་དྲུང་ཆེ་ཆུང་རྣམ་པ། སྲིད་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་དུ་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་ཕྱི་རྒྱལ་བ་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། དེ་བཞིན་བོད་གཞུང་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་བཅས་ཕུལ་ཡོད་འདུག