གཞུང་འབྲེལ་མཆོད་འབུལ་སྨོན་ལམ།
2013.06.18

༄༅། །ཕྱི་ཚེས་ ༡༡ ཉིན་ཁམས་རྟའུ་རྫོང་ཐོག་ཏུ་རང་ལོ་ ༣༡ ཡིན་པ་ར་རྒྱ་བྲག་དཀར་བཙུན་དགོན་གྱི་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་ཁོང་ཕྱི་ཚེས་ ༡༤ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། དེ་རིང་ཕྱི་ཚེས་༡༨ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་གིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུས་འདུག དེ་ཡང་ཕྱེད་ཡོལ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གཟབ་རྒྱས་གནང་ཡོད་པ་རེད། སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་ཟུར་རྒྱུད་སྟོད་བླ་མ་དབུ་མཛད་བྱ་དོར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་འདུག།