བོད་ནང་༧གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེན་ཚོགས་འདུག
2016.01.25
༧གོང་ས་མཆོག་ལ་སྨན་བཅོས་བརྟག་དཔྱད་ཞུས་པའི་མཇུག་འབྲས་ཧ་ཅང་ཡག་པོ་བྱུང་བ་སྨན་ཁང་གི་མགྲིན་ཚབ་པས་གསུངས་འདུག
བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ༢༠༡༦ཟླ་དང་པོའི་ཚེས་༢༥ཉིན། བྲག་འགོ་རྫོང་ཁོངས་ཀྱི་ཏྲེ་ཧོར་ཕྱོགས་ཀྱི་ལྕོག་རི་དགོན་པར། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་བཞུགས་ཁྲིར་འཁོད་པའི་མདུན། མཆོད་པ་སྣ་ཚོགས་འབུལ་ནས་ལྕོག་རི་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་དམངས་མང་པོ་མཉམ་འཛོམས་ཐོག་༧གོང་ས་མཆོག་གི་སྐུ་ཚེ་བསྟན་ཅིང་མཛད་འཕྲིན་རྒྱས་བའི་ཆེད་དུ་དམིགས། རྒྱལ་བའི་མཚན་སྔགས་དང་། སྨན་བླའི་གཟུངས་སྔགས་སོགས་གསོག་འདོན་གྱི་ཞབས་རིམ་རྒྱ་ཆེན་ཞིག་ཚོགས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་ནི་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཆེད་བོད་མི་ཚོ་རང་བཞིན་གྱིས་འཛོམས་པ་བརྗོད་བྱུང་།
དེ་བཞིན་ཡང་གནས་ཚུལ་ལྟར་ན། བོད་ནང་གི་ས་ཁུལ་མང་པོར་བོད་མི་ཚོས་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཆེད་རྒྱལ་བའི་མཚན་སྔགས་དང་། སྨན་བླའི་གཟུངས་སྔགས་སོགས་གསོག་འདོན་གནང་བཞིན་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་འདི་ཚེས་༢༠ཉིན་གཞུང་འབྲེལ་དགུན་གསོལ་སྤྱན་འདྲེན་ཞུས་པའི་སྐབས་སུ། གནས་ཆུང་ཆོས་རྒྱལ་ཆེན་མོས་བཀའ་ལུང་ཕེབས་པའི་ནང་།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་སྐུ་གཟུགས་བརྟག་དཔྱད་དང་འཕྲོད་བཞེས་སྨན་བཅོས་གནང་བཞིན་ཡོད་པ་དང་། བོད་མི་ཡོངས་ཀྱི་ངོས་ནས་དེའི་ཆ་རྐྱེན་སེལ་བའི་རིམ་འགྲོ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སླད་ཞབས་རིམ་སྨིན་འགྲུབ་དགོས་པའི་བཀའ་ལུང་ཕེབས་པ་ཞིག་ཆོས་རིག་ལས་ཁུངས་ནས་བོད་མི་འདུས་སྡོད་ཚང་མར་ཡོངས་བསྒྲགས་བཀོད་ཁྱབ་གནང་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཟླ་བ་འདི་ཚེས་༢༠ཉིན་ཨ་མི་རི་ཀའི་ནུབ་དཀྱིལ་མངའ་སྡེ་མི་ནེ་སོ་ཀྲ་Minnsesotaནང་ཡོད་པའི་MayoClinicཞེས་བའི་སྙན་གྲགས་ཅན་གྱི་སྨན་ཁང་དུ་ཕེབས་ནས་སྐུ་གཟུགས་བརྟགས་དཔྱད་གནང་རྒྱུ་དབུ་ཚུགས་གནང་ཡོད་པ་དང། དེའི་ཐད་སྨན་ཁང་གི་འབྲེལ་ཡོད་སྨན་པས་སྤྱི་བསྒྲགས་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཁམས་ལ་དམིགས་བསལ་གནད་འགག་ཆེ་བ་དང་། སེམས་ཁྲལ་གནང་དགོས་བའི་སྨྱུང་གཞི་གང་ཡང་མེད་པ་དང་། ༧གོང་ས་མཆོག་དགུང་ལོ་༨༠ཟིན་ཚོད་ཀྱིས་རྒྱུན་ལྡན་ལྟར་བདེ་ཐང་ཡིན་སྐོར་འགྲེལ་བརྗོད་གནང་འདུག
དེ་བཞིན་ཡང་ཚེས༢༡ཉིན། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་གནང་ཡུལ་ཨ་རིའི་མེ་ཡོ་(Mayo Clinic)སྨན་ཁང་གི་མགྲིན་ཚབ་པས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྨན་བཅོས་བརྟག་དཔྱད་ཞུས་པའི་མཇུག་འབྲས་ཧ་ཅང་ཡག་པོ་བྱུང་ཡོད་སྟབས། སེམས་ཁྲལ་གནང་དགོས་དོན་མེད་སྐོར་གསུངས་འདུག
གསར་འགོད་པ་ཀླུ་འབུམ་དང་རིག་ལྡན་སྒྲོལ་མ།