ལྐོག་ཟ་རྒོལ་རྡུང་ལས་བརྒལ་ནས་ཆབ་སྲིད་ཐད་གཙང་སེལ་བྱས་བ།
2015.02.03
རྒྱ་ནག་གིས་ལྐོག་ཟ་རྒོལ་རྡུང་གི་མིང་ཐོག་བོད་རིགས་ལས་བྱེད་པ་ཚོར་ཆབ་སྲིད་གཙང་སེལ་བྱེད་བཞིན་པའི་ངོས་འཛིན་གནང་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་བཏང་པའི་ལས་འགུལ་ཁྲོད་བོད་རིགས་ལས་བྱེད་པར་ཆབ་སྲིད་ཐད་གཙང་སེལ་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག
དེ་ཡང་གཟའ་འཁོར་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལས་བྱེད་པ་༡༥ ཡིས་ཕྱི་ཕྱོགས་ཀྱི་ཏཱ་ལའི་སྒྲིག་འཛུགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པར་ཁ་གཡར་ཏེ་དངོས་སུ་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་པ་ཕྱི་བསྒྲགས་བྱས་ཡོད། གནད་དོན་དེའི་ཐད་ལ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་ཕྱི་ཚེས་གཉིས་ཉིན་མོར་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་དུ། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ད་ལྟ་བོད་ཁུལ་གྱི་བོད་རིགས་ལས་བྱེད་པ་ཚོར་ཆབ་སྲིད་གཙང་སེལ་བྱེད་བཞིན་པའི་སྲིད་ཇུས་ལག་བསྟར་བྱས་པར་ངོས་འཛིན་གནང་ཡོད་པ་རེད་འདུག
རྒྱ་ནག་གཞུང་ཕྱོགས་ཀྱི་<<མི་དམངས་ཉིན་རེའི་ཚགས་པར་>> ཟེར་བའི་ཐོག་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཝང་ཀང་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། “ལོ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྷན་ཁང་གིས་དམར་ཤོག་ཚོགས་མི་དང་གཞུང་གི་ལས་བྱེད་པས་ཆབ་སྲིད་སྒྲིག་འགལ་གནད་དོན་རྩད་ཆོད་པའི་ཁྲོད། ཁྲིམས་འགལ་གྱིས་གསང་བའི་ཐོག་བོད་རང་བཙན་གྱི་སྒྲིག་འཛུགས་ནང་འཛུལ་ཞུགས་དང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ལས་འགུལ་ལ་རོགས་སྐྱོར་བྱས་པ་སོགས། ཏང་གི་ཆབ་སྲིད་སྒྲིག་གཞི་ལས་ཚབས་ཆེའི་རྒྱབ་འགལ་བྱས་པའི་དམར་ཤོག་ཚོགས་མི་ལས་བྱེད་ཉུང་ཤས་ཤིག་གི་ནག་ཉེས་ལ་དངོས་སུ་ཞིབ་བཤེར་བྱེད་བཞིན་ཡོད།”ཟེར་བཀོད་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།