བོད་ལི་ཐང་དགོན་ཆེན་གྱི་གྲྭ་ཆོས་སྐྱོང་ཚེ་རིང་གི་སྐོར།
2012.01.13
༄༅༎བོད་ཀྱི་མདོ་ཁམས་ལི་ཐང་དགོན་ཆེན་གྱི་དགེ་འདུན་པ་ཆོས་སྐྱོང་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྗེས་འཛིན་བཟུང་བཙོན་འཇུག་ལོ་གསུམ་རིང་བྱས་ཏེ་ད་ཆ་བཙོན་གྲོལ་བཏང་ཡོད་ཀྱང་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་སྐུ་ལུས་ནད་གཅོང་ཆགས་ཡོད་པའི་གནས་ཚུལ་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་གནང་འདུག གྲ་པ་ཆོས་སྐྱོང་ཚེ་རིང་ལགས་ནི། རང་ལོ་ཉི་ཤུ་རྩ་གསུམ་ལ་སོན་ཞིང་། ལི་ཐང་དགོན་ཆེན་གྱི་སྔགས་པ་གྲ་ཚང་གི་གྲ་པ་ཡིན་པ་རེད། ཕྱི་ལོ་༢༠༠༩ལོར་དགེ་འདུན་པ་ཆོས་སྐྱོང་ཚེ་རིང་ལགས་ཀྱིས་བོད་ཀྱི་རྒྱལ་དར་ཕྱག་ཏུ་བསྣམས་ཏེ་༧སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་རང་བཙན་ཡིན་སོགས་ཀྱི་སྐད་འབོད་བྱས་རྗེས་སྤྱི་བདེ་ཉེན་རྟོག་པས་ཁོང་ལ་ཉེས་རྡུང་ཚད་མེད་གཏོང་བཞིན་ངང་ལི་ཐང་བཙོན་ཁང་དུ་འཁྲིད་འདུག ལི་ཐང་དགོན་ཆེན་གྱི་དགེ་འདུན་པ་ཆོས་སྐྱོང་ལགས་སུ་ཉེས་འཛུགས་སྣ་ཚོགས་བྱས་ཏེ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་འདུག བདུན་ཕྲག་གཉིས་ཙམ་གོང་དུ་བཙོན་གྲོལ་ཐོབ་ཡོད་ཀྱང་བཙོན་ཁང་དུ་མནར་གཅོད་དང་རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་ཁོང་གི་མགོ་བོ་ཡོངས་རྗོགས་རྨ་ཤུལ་གྱི་གང་ཞིང་། ཚོར་བ་མེད་པ་དང་། དྲན་པ་མི་གསལ་བ་སོགས་དབང་པོ་སྐྱོན་ཅན་དུ་གྱུར་ཡོད་པ་རེད།
གོང་ཞུས་གནས་ཚུལ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་འགྲེལ་བརྗོད་གནང་མཁན་འབྲེལ་ཡོད་མི་སྣ་དགེ་བཤེས་མཁྱེན་རབ་ལགས་ཀྱིས་ལི་ཐང་ཁུལ་གྱི་བོད་རིགས་མང་པོ་བཙོན་ཁང་ནང་ཡོད་པའི་སྐོར་ཡང་མཁྱེན་རྟོགས་བྱུང་འདུག།