མང་གཙོ་དོན་གཉེར་བ་ཧུའུ་ཅ་ལ་བཙོན་འཇུག་ཉེན་བརྡ།
2011.10.17
༄༅༎རྒྱ་ནག་ཉེན་རྟོག་པས་ རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་མཁན་ ཧུ་ཅ་ལ། གལ་ཏེ་ཁོང་གིས་མུ་མཐུད་ལས་འགུལ་སྤེལ་བ་འམ། ཡང་ན་ཕྱི་རྒྱལ་གྱི་གསར་ལམ་ཁག་ལ་བཀའ་མོལ་གསུང་བ་ཡིན་ན་། ཁོང་བསྐྱར་དུ་འཛིན་བཟུང་བཙོན་འཇུག་བྱ་རྒྱུའི་ཉེན་བརྡ་བཏང་འདུག།
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ ཧུ་ཅ་ ལོ་གསུམ་ལྷག་ཙམ་རིང་བཙོན་འཇུག་བྱས་པའི་མཐར་ད་ལོའི་ཟླ་བ་དུྲག་པའི་ནང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་རེད། རེས་གཟའ་པ་སངས་ཉིན་ རྒྱ་མིའི་ཉེན་རྟོག་པས་ཧུ་ཅ་ལ། ཆབ་སྲིད་ཀྱི་ཁེ་དབང་བེད་སྤྱོད་གཏོང་རྒྱུའི་ཐོབ་ཐང་འཕྲོག་ལེན་བྱས་པ་ཁག་ལ་ ཧུ་ཡིས་རྩིས་མེད་འགལ་འཛོལ་བཏང་བ་ཡིན་ན་ཁོང་བསྐྱར་དུ་འཛིན་བཟུང་བྱ་རྒྱུའི་མཐའ་ཚིག་བསྒྲགས་ཡོད་ལུགས། ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་འདུག། ཧུ་ཅ་ལ་གཞུང་འབྲེལ་ཐོག་ནས་ཉེན་བརྡ་ཇི་ཙམ་བཏང་ཡང༌། རང་ལོ་༣༨ཡིན་པའི་ཧུ་ཅ་ཡིས་ལས་འགུལ་མུ་མཐུད་སྤེལ་རྒྱུའི་དམ་བཅའ་དང་འབྲེལ་། རྒྱ་ནག་གཞུང་དང་ལྟ་སྤྱོད་ལོག་ཀར་འཛིན་མཁན་ཆབ་སྲིད་བཙོན་པ་གཞན་གློད་བཀྲོལ་ཡོང་ཐབས་ཀྱི་འབད་བརྩོན་མུ་མཐུད་གནང་མུས་ཡིན་པ་རེད།
རྒྱ་ནག་གཞུང་གིས་ དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཚོའི་ཉེས་མིང་གསལ་བཏོན་བྱེད་མི་དགོས་པར་འཛིན་བཟུང་གྱིས་གསང་བའི་སྒོ་ནས་བཙོན་འཇུག་བྱ་ཆོག་རྒྱུའི་ཁྲིམས་གཞིར་ ཟླ་བ་སྔོན་མ་ ཧུ་ཅ་ཡིས་ཡོང་ཁྱབས་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཙམ་མ་ཟད། ཧུ་ཡིས་ གནས་འཕྲིན་དྲ་ལམ་བརྒྱུད་ བཟང་བཙོན་གྱི་གནས་སྟངས་འོག་བཞག་པའི་རྒྱ་ནག་གི་ཁྲིམས་རྩོད་པ་ལོང་བ་ཁྲེན་ཀོང་ཁྲེང་ལ་རང་དབང་གུ་ཡངས་སྤྲོད་དགོས་རྒྱུའི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། ཁོང་གི་ཀུ་ལྦི་ཀྲར་(Twitter)དྲ་ལམ་ཐོག་ཁྲེན་ཀོང་ཁྲེང་གློད་བཀྲོལ་གཏོང་དགོས་ཞེས་བརྗོད་ཚིག་འཁོད་པའི་ཁྲེན་གྱི་པར་ཡོད་པའི་སྟོད་ཐུང་དཀར་པོ་ཞིག་མགྱོན་པའི་གནས་ཚུལ་བྱུང་རྗེས། རེས་གཟའ་པ་སངས་ཉིན་རྒྱ་མིའི་ཉེན་རྟོག་པས་ ཧུ་ལ་ ཧྲན་ཏུང་ཞིང་ཆེན་དུ་ཁྲེན་ཐུག་འཕྲད་ཆེད་འགྲུལ་བཞུད་གནང་མི་ཆོག་པའི་དམ་བསྒྲཌ་བྱས་ཡོད་པ་མ་ཚད། ༢༠༡༠ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་རྒྱ་རིགས་ལིའུ་ཤའོ་ཕུའུའི་བཟའ་ཟླ་ལིའུ་ཤའ་དང་ཐུག་ཕྲད་བྱས་ན་འགྲིག་གི་མེད་པའི་ཉེན་བརྡ་ཡང་བཏང་འདུག།
ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ ཨ་རིའི་གྲོང་ཁྱེར་ནིའུ་ཡོརཀ་གྱི་རྒྱ་མིའི་གྲོང་ཚོ་ཕཱ་ལ་ཤིང་དུ་ཟླ་བ་འདིའི་ཚེས་༨ཉིན་རྒྱ་རིགས་ཁག་ཅིག་གིས་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་པའི་སར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་གདན་ཞུས་ལྟར་མཉམ་ཞུགས་གནང་འདུག།