རྒྱ་ནག་ཀོང་ཏུང་དུ་མི་བཅུ་དགུ་འཛིན་བཟུང།
2011.06.17
༄༅༎གཟའ་འཁོར་སྔོན་མ་རྒྱ་ནག་གོང་ཏུང་ཞིང་ཆེན་གྱི་ཙང་གྲང་གྲོང་ཁྱེར་ནང་འདས་པའི་ལོ་ངོ་ཁ་ཤས་ནང་ཟང་ཟིང་གི་དོན་རྐྱེན་གཞི་རྒྱ་ཆེ་ཤོས་དེ་བྱུང་ནས་དེ་རིང་རྒྱ་ནག་གསར་འགྱུར་བརྒྱུད་ལམ་ཐོག་དོན་རྐྱེན་དེའི་ནང་མི་གྲངས་བཅུ་དགུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་སྤེལ་འདུག གོང་ཀྲའུ་ཙང་གྲང་ས་གནས་ནང་ཟང་ཟིང་གི་དོན་རྐྱེན་བྱུང་བའི་རྗེས་གཞུང་ཕྱོགས་ནས་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ནས་དྲག་གནོན་བྱས་ཡོད་པ་དང་ དོན་རྐྱེན་དེའི་ནང་འཛིན་བཟུང་བྱས་པའི་མི་བཅུ་དགུ་དེ་དག་གིས་གཞུང་གི་རྒྱུ་དངོས་ལ་གཏོར་བཤིག་བཏང་བ་དང་ དེ་བཞིན་དཔོན་རིགས་ཀྱིས་གཞུང་གི་ལས་དོན་གཉེར་རྒྱུར་འགོག་རྐྱེན་བཟོས་ལུགས་སོགས་ཀྱི་ཉེས་འཛུགས་ཐོག་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང་ འཛིན་བཟུང་བྱས་པའི་མི་དེ་དག་ཚང་མ་རྒྱ་ནག་གི་ས་ཁུལ་གཞན་ནས་ཙང་གྲང་ས་གནས་དེའི་ནང་ལས་ཀ་བྱེད་པར་ཡོང་བའི་ལས་མི་ཤ་ཏག་ཡིན་པའི་ཁར་ དེའི་ནང་ནས་མི་གྲངས་དགུ་ཙམ་ན་སོ་མི་ལོན་པའི་གཞོན་སྐྱེས་ཡིན་པ་ཙང་གྲང་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་བཀོད་ཡོད་འདུག གོང་ཏུང་ཙང་གྲང་གྲོང་ཁྱེར་ནང་གྱི་ཟིང་འཁྲུག་དོན་རྐྱེན་གྱི་ཡོངས་གཞི་ནི་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནས་ཡོང་བའི་ལས་མི་བཟའ་ཚང་གཉིས་ཀྱིས་བཟའ་ཆས་ཚོང་ཁང་ཞིག་གི་སྒོ་འགྲམ་དུ་དངོས་ཟོག་ཙག་ཙིག་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་ གཟའ་འཁོར་སྔོན་མའི་གཟའ་པ་སངས་ཀྱི་དགོང་མོ་ས་གནས་བདེ་འཇགས་མི་སྣས་ཁོང་གཉིས་ལ་བདེ་འཇགས་དངུལ་མ་སྤྲད་ཚེ་ས་གནས་དེར་ཁྲོམ་བཏོན་མི་ཆོག་པ་བཤད་ནས་ཕན་ཚུན་རྩོད་པ་ཤོར་བའི་སྐབས་བདེ་འཇགས་མི་སྣས་བེུད་སྦྲུམ་མ་དེར་རྡོག་ཐོ་བཞུས་ནས་ཕྲུ་གུ་་ཤོར་བའི་གནས་ཚུལ་བྱུང་ཏེ་ས་གནས་དེའི་ནང་ལས་ཀ་བྱེད་པར་ཡོང་བའི་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་ལས་མི་སྟོང་ཕྲག་བརྒལ་བས་གཞུང་གིས་གནད་དོན་དེའི་ཐོག་ཐག་གཅོད་དགོས་པའི་ངོ་རྒོལ་བྱས་ནས་མོ་ཊ་བཅུ་གྲངས་ཁ་ཤས་མེར་བསྲེག་བཏང་སྟེ་ ཉིན་གསུམ་བསྟུད་མར་ཟང་ཟིང་གི་དོན་རྐྱེན་ལངས་ཡོད་ཅིང་ གཟའ་ཟླ་བའི་ཉིན་གཞུང་ཕྱོགས་ནས་དྲག་ཆས་ཉེན་རྟོག་མི་སྣ་བཏང་ནས་དོན་རྐྱེན་དེ་དྲག་པོའི་ཐོག་ནས་རེ་ཞིག་ཞི་འཇམ་དུ་བཏང་ཡོད་པ་དང་ དོན་རྐྱེན་དེའི་ནང་ཐད་ཀར་ཐེ་གཏོགས་ཡོད་པའི་མི་སྣ་ཁག་ཅིག་ཡང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་