བྱི་བ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཁོར་ཡུག་ལ་འོས་འཚམས་མིན་པ།


2015.01.15
བོད་ནང་བྱི་བ བོད་ནང་གི་བྱི་བ།
དྲ་བཤུས

བོད་ནང་བྱི་བ་རྩ་མེད་བཟོ་རྒྱུའི་རྒྱ་ནག་གི་སྲིད་ཇུས་དེ་ཁོར་ཡུག་གི་གནས་བབ་དང་འོས་འཚམས་ཡོང་གི་མེད་པ་རེད་འདུག
དེ་ཡང་ཨ་རིའི་ཨི་རི་ཛོ་ན་མངའ་སྡེའི་སློབ་གྲྭ་ཆེན་མོའི་སློབ་དཔོན་Andrew Smithལགས་ཀྱིས་བརྗོད་ཡོད་པ་ཚན་རིག་དྲ་རྒྱ་ཞིག་གི་ཐོག་གནས་ཚུལ་སྤེལ་དོན། བོད་མཐོ་སྒང་གི་རྩྭ་ཐང་དང་སྤང་ལྗོངས་སྟེང་དུ་མང་པོ་མཐོང་རྒྱུ་ཡོད་པའི་བྱི་བ་དེ་རྒྱ་ནག་གིས་ས་ཁུང་དྲུས་བས་ས་ཟད་ནས་ཁོར་ཡུག་ལ་གནོད་སྐྱོན་ཡོང་གི་ཡོད་པའི་རྐྱེན་ཞིག་ལ་བརྩིས་ནས། བྱི་བ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཞིག་གི་འོག་ལོ་ལྟར་དགུན་ཁར་རྒྱ་ནག་གཞུང་གི་འགྲོ་གྲོན་འོག་འབྲེལ་ཡོད་མི་རྣམས་ཀྱི་རྩྭ་ཐང་དང་སྤང་ལྗོངས་སྟེང་གི་བྱི་ཁུང་ཚང་མའི་ནང་དུག་རྫས་བླུག་ནས་བྱི་བ་ཚང་མ་རྩ་མེད་བཟོ་བཞིན་པ་ཞིག་རེད། དེའི་རྐྱེན་གྱིས་ས་ཆ་མང་པོའི་ནང་བྱི་བ་རྩ་སྟོང་དུ་འགྲོ་གི་ཡོད་པའི་སྲིད་ཇུས་དེ་ཁོར་ཡུག་གནས་བབ་དང་མཚམས་པ་ཞིག་མེད་པ་འཁོད་འདུག ད་དུང་ནུབ་ཕྱོགས་ཚན་རིག་པས་བྱི་བ་དེ་དག་དོན་དངོས་སུ་གནོད་འཚེ་ཅན་གྱི་སེམས་ཅན་ཞིག་མ་ཡིན་པར་བྱི་བ་ཡིས་ཁོར་ཡུག་སྣོད་བཅུད་ལ་ཕན་པ་ཡོད་པའི་སྐོར་ཚན་རིག་པ་ཚོས་ཞིབ་འཇུག་མཐིལ་ཕྱིན་ལས་ཤེས་རྟོགས་བྱུང་འདུག དེ་ཡང་བྱི་བ་རྩ་མེད་དུ་བཟོས་པ་ཡིན་ན། བདག་མེད་སེམས་ཅན་ཝ་མོ་སོགས་ལ་འཚོ་རྟེན་གལ་ཆེན་ཞིག་མེད་པ་བཟོས་བས། ཝ་མོར་ལྟོ་མེད་པར་འཚོ་གནས་བྱེད་རྒྱུ་ཁག་པོ་ཡིན་པ་མ་ཟད། གཞན་ཡང་བྱི་ཁུང་ལ་བརྟེན་ནས་སྤང་ལྗོངས་ཐོག་ཆུ་གསོག་ཡོད་པས་ས་རུད་མི་རྒྱག་རྒྱུར་ཕན་ཞིང་། མདོར་ན་བྱི་བ་ནི་ཁོར་ཡུག་ལ་དགོས་ངེས་ཀྱི་སེམས་ཅན་ཞིག་ཡིན་པ་ཤེས་རྟོགས་བྱུང་འདུག རྒྱུ་མཚན་དེ་དག་ལ་བརྟེན་རྒྱ་ནག་པེ་ཅིན་གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ལི་ཀྲི་ཡིས་རྒྱ་ནག་དབུས་གཞུང་ལ་བོད་ནང་དུ་བྱི་བ་རྩ་མེད་བཟོ་རྒྱུའི་ལས་འཆར་དེ་མཚམས་འཇོག་དགོས་ལུགས་སྔར་ལོ་ཕྱི་ཟླ་༡༢པའི་ནང་ཞུ་གཏུགས་བྱས་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་གི་ལས་འཆར་དེ་འཚམས་འཇོག་བྱེད་སྲིད་པ་ཞིག་རེད་ཅེས་ཕྱི་རྒྱལ་གྱི་ཚན་རིག་པ་ཚོས་རེ་བ་བྱས་ཡོད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎