རྒྱ་གར་གྱི་སྲིད་བློན་མཆོག་བཞུགས་སྒར་རྡ་སར་ཚོགས་འདུ་ཞིག་གི་ཆེད་དུ་ཕེབས་འབྱོར་བྱུང་ཡོད་པ།

2022.06.16
རྒྱ་གར་གྱི་སྲིད་བློན་མཆོག་བཞུགས་སྒར་རྡ་སར་ཚོགས་འདུ་ཞིག་གི་ཆེད་དུ་ཕེབས་འབྱོར་བྱུང་ཡོད་པ། རྒྱ་གར་གྱི་སྲིད་བློན་མཆོག་མི་མང་གིས་ཕེབས་བསུ་ཞུ་བཞིན་པ། ༢༠༢༢།༠༦།༡༦
Photo/RFA

རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རིན་དྷ་ར་མོ་དྷི་མཆོག་ཕྱི་ལོ་ ༢༠༢༢ ཟླ་བ་  པའི་ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ཀ་ཅ་རི་(Kacheri)ཡི་ལམ་བར་ཡས་གཡོན་དུ་རྒྱ་གར་བ་དང་བོད་མི་སོགས་མི་མང་སྟོང་ཕྲག་འགའ་ཞིག་གིས་ལག་ཏུ་རྒྱ་གར་དང་བོད་ཀྱི་རྒྱལ་དར། དེ་བཞིན་མེ་ཏོག་སོགས་བརྣམ་ཏེ་ཕེབས་སུ་ཟབ་རྒྱས་ཞུས་གནང་སོང་། 

ད་རེས་དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་གི་སྤྱི་ཁབ་དྲུང་ཆེ་རྣམ་པ་ལྷན་འཛོམས་ཐོག་ཚོགས་འདུ་གལ་ཆེ་ཞིག་ཚོགས་ཀྱི་ཡོད་པར་བརྟེན། དེའི་ཆེད་དུ་གཙོ་བོ་དམིགས་ཏེ་སྲིད་བློན་མོ་དྷི་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སྲིད་བློན་མཆོག་རྡ་རམ་ས་ལར་ཕེབས་པ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་མཇལ་འཕྲད་ཀྱི་མཛད་འཆར་རིགས་མེད་ཀྱང་། རིང་མིན་༸གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་སྐབས་སྲིད་བློན་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་འདུག

ཡང་ཐའེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་(TAEF)གི་ཉམས་ཞིབ་པ་Sana Hashmi ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་སྲིད་བློན་མོ་དྷི་རྡ་རམ་ས་ལར་ཚོགས་འདུའི་ཆེད་དུ་ཕེབས་ཡོད་ན་ཡང་། ༸གོང་ས་མཆོག་དང་མཇལ་འཕྲད་ཡོང་མ་སྲིད་པ་ལྟ་བུ་རེད། རྡ་རམ་ས་ལ་ལྟ་བུ་གལ་གནད་ཆེ་བའི་ས་ཁུལ་དེར་སྲིད་བློན་མོ་དྷིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཚེ། རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་ཟུར་གསལ་ཞིག་སྤྲོད་སྲིད་པ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་གནད་ཡོད་མི་སྣ་སུ་འདྲ་ཞིག་རྡ་རམ་ས་ལར་ཕེབས་ཀྱང་དེར་རྒྱ་ནག་གཞུང་གིས་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་་གནང་བྱུང་།

སྲིད་བློན་མོ་དྷི་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་སྒྱུར་སྐབས། རྡ་ས་ས་གནས་འགོ་འཛིན་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་བོད་མི་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བར་ཕེབས་བསུར་བཅར་འདུག་ཅིང་། ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། རྡ་རམ་ས་ལའི་ཁུལ་དུ་རྒྱ་གར་གྱི་སྲིད་བློན་རིམ་པ་སུ་ཕེབས་པ་ཡིན་ནའང་། བོད་མི་ཚོར་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་དེ་སྔོན་ཕྱི་ལོ་ ༢༠༢༡ ཟླ་བ་  པའི་ཚེས་  ཉིན་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཉིན་སྲིད་བློན་མོ་དྷི་མཆོག་གིས་ཞལ་པར་བརྒྱུད་མགོན་པོ་གང་ཉིད་ལ་འཚམས་འདྲི་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོའི་༩ པའི་ཚེས་ ༡༧ ཉིན་སྲིད་བློན་མོ་དྷིའི་འཁྲུངས་སྐར་ཉིན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཚམས་འདྲི་ཞུས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ།
 ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎