རྒྱ་ནག་གི་སྲིད་འཛིན་ལ་ཕེབས་བསུ་ཞུ་མཁན་ཚོར་དངུལ་སྤྲད་པ།
2011.01.23
༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཨ་མི་ཀིར་ཀར་འཚམས་འདྲིའི་གཟིགས་སྐོར་ཕེབས་སྐབས་ཕེབས་བསུ་ཞུ་མཁན་རྒྱ་རིགས་ཚོར་རྒྱ་ནག་གཞུང་གིས་ལམ་འགྲོན་དང་ལྟོ་དོད་ལས་དོད་སོགས་སྤྲད་ཡོད་པོའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་སྲིད་འཛིན་ཨ་མི་རི་ཀར་ཉིན་བཞིའི་རིང་འཚམས་འདྲིའི་གཟིགས་སྐོར་སྐབས་ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་ཙམ་མ་ཟད་རྒྱ་ནག་གི་གཞུང་ཚབ་ནས་ཀྱང་སྣེ་ལེན་ཟབ་རྒྱས་ཞུས་ཡོད་ལུགས་རྡ་ཨི་ཕོཀ་ཀྲའེམ་སེ་ཞེས་པའི་ཕྱིར་སྡོད་རྒྱ་རིགས་ཀྱི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག གསར་ཤོག་དེས་འགྲེལ་བརྗོད་བྱས་པར་གཞིགས་ན་ རྒྱ་ནག་གི་གཞུང་ཚབ་ཁང་གིས་ཨ་རིའི་རྒྱལ་སའི་ཁུལ་གྱི་རྒྱ་རིགས་སྤྱི་དང་བྱེ་བྲག་ཏུ་ཁུལ་དེའི་མཐོ་སློབ་ཁག་ནང་ཡོད་པའི་སློབ་ཕྲུག་ཚོར་སྲིད་འཛིན་ཧུ་ཅིན་ཏའོ་ལ་ཕེབས་བསུའི་སྣེ་ལེན་ཞུ་བར་ཡོང་དགོས་པ་དང་ལམ་འགྲོན་དང་ལྟོ་དོད་ཨ་རིའི་ཌོ་ལར་༢༠ནས་༨༠བར་གཞུང་ཚབ་ཁང་གིས་སྤྲོད་རྒྱུའི་སྔོན་བརྡ་ཡིག་ངག་གཉིས་ཐོག་ནས་བཏང་ཡོད་འདུག། གོང་ཞུས་གསར་ཤོག་གིས་གནས་ཚུལ་དེ་དངོས་འབྲེལ་ཡིན་མིན་བརྩད་གཅོད་ཆེད་གསར་འགོད་པ་རང་ཉིད་རྒྱ་རིགས་སློབ་ཕྲུག་ཡིན་ཚུལ་བརྗོད་དེ་རྒྱ་རིགས་སློབ་ཕྲུག་མཐུན་ཚོགས་ལ་སྐད་ཆ་འདྲི་སྐབས་དེ་ལྟར་ཡིན་པ་ར་འཕྲོད་བྱུང་ཡོད་འདུག། དེ་མ་ཟད་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་ཆེད་སླེབས་པའི་བོད་མི་ཁག་ཅིག་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཀྱིས་སྣེ་ལེན་དུ་སླེབས་པའི་རྒྱ་རིགས་ཚོར་ལམ་འགྲོན་དང་ལྟོ་དོད་དངོས་སུ་སྤྲོད་བཞིན་པའི་དཔར་རྒྱབ་སྟེ་བཀྲམས་པ་ཞིག་གོང་ཞུས་གསར་ནང་བཏོན་འདུག། ཨ་རིའི་རྒྱལ་སའི་ཕྱི་རོལ་གྲོང་ཁྱེར་ཕི་ལ་ཌེལ་ཕི་ཡ་ནས་མི་འདོད་བཞིན་དུ་ཡོང་བའི་རྒྱ་རིགས་ཟ་ཁང་གི་ལས་བྱེད་ཅིག་གིས་རང་ཉིད་ལ་ཉིན་དོད་ཌོ་ལར་༥༥སྤྲད་ཡོད་པ་ཁས་ལེན་བྱས་ཡོད་འདུག ཡང་རྒྱ་རིགས་ཁག་ཅིག་སྣེ་ལེན་རྗེས་སུ་ཕ་ལུང་གྭོང་ངོ་རྒོལ་བ་ཚོའི་སར་ཕྱིན་ནས་ཁོང་ཚོར་རྒྱབ་སྐྱོར་ཡོད་པའི་ནང་གཏམ་ཡང་བཤད་ཡོད་འདུག།