ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་གནང་གཏན།
2010.01.07
༄༅༎རྒྱ་ནག་གཞུང་ནས་གནོན་ཤུགས་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་ཐག་ཆོད་བྱུང་ཡོད་འདུག
དེ་རིང་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་བདེ་སྲུང་ལས་ཁུངས་ནས་ཐའེ་ལྦན་ལ་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་རིགས་ཚོང་འགྲེམས་བྱེད་རྒྱུར་འབྲེལ་ཡོད་ཚོང་དོན་ཚན་པ་ལོག་ཧིདྲ་མ་ཀྲིན་ཞེས་པར་ཆོག་མཆན་གནང་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཨ་རིའི་གྲོས་ཚོགས་ནས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱེད་རྒྱུའི་ཁོངས་སུ་ད་ལྟའི་འཕྲུལ་རིགས་དེ་ཡང་ཚུད་ཡོད་པ་རེད། ཡིན་ནའང་ད་བར་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ནར་འགྱངས་བྱུང་ཡོད་པ་རེད། ད་རེས་ཨ་རིའི་ཐག་ཆོད་དེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་ལུགས་ཐའེ་པེ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཉམས་ཞིབ་པ་ཨེ་ལེ་ཛན་དྲར་ཧོང་ནས་འགྲེལ་བརྗོད་བྱས་འདུག ལྷག་པར་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རེས་གཟའ་མིག་དམར་ཉིན་གསར་འགོད་ལྷན་ཚོགས་ཐོག་གནད་དོན་འདིའི་སྐོར་བཅར་འདྲི་དང་ལེན་སྐབས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱས་པ་ཡིན་ན་མི་འགྲིགས་པའི་གནད་དོན་ང་ཚོས་ཨ་མི་རི་ཀར་གསལ་པོ་བཟོས་ཡོད་ལ་ཡུལ་གཉིས་དབར་འབྲེལ་བར་དོ་ཕོག་མི་འགྲོ་བའི་ཆེད་གོ་མཚོན་ཚོང་འགྲེམས་མི་བྱེད་པའི་རེ་བ་ཡོད་ཅེས་ལན་རྒྱབ་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ཨ་རིས་དེ་རིང་གོ་མཚོན་ཚོང་རྒྱུ་ཐག་ཆོད་གནང་ཡོད་པ་རེད།