ཨོ་སི་ཁྲི་ར་ལི་ཡ་རྒྱ་གར་གྱི་རིག་གཞུང་ལྟེ་གནས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། རྒྱ་གར་དང་བོད་ཀྱི་གནའ་དེང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་པ།

སྤྱི་ཟླ་༦པའི་ཚེས་༢༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་སི་ཁྲི་རཱ་ལི་ཡའི་གྲོང་ཁྱེར་Melbourneམེལ་སྦོན་དུ་རྟེན་གཞི་ཆགས་པ། ཨོ་སི་ཁྲི་ར་ལི་ཡའི་Australia India Instituteརྒྱ་གར་གྱི་རིག་གཞུང་ལྟེ་གནས་ཁང་གིས་གོ་སྒྲིག་མགྲོན་འབོད་བྱས་པ་བཞིན། ལྟེ་གནས་ཁང་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་གར་དང་བོད་ཀྱི་གནའ་དེང་འབྲེལ་སྐོར་ལ་གསུང་བཤད་གནང་ཡོད་ཅིང་། ལྟེ་གནས་ཁང་གི་འགན་འཛིན་དང་ཨོ་སི་ཁྲི་ར་ལི་ཡའི་གྲོས་ཚོགས་འཐུས་མི་ཟུར་པ་Lisa Singhལི་ཟ་སིངྒ་ལགས་ནས། སྲིད་སྐྱོང་མཆོག་གིས་རྒྱ་གར་དང་བོད་ཀྱི་དུས་ཡུན་རིང་མོའི་ལོ་རྒྱུས་ཀྱི་འབྲེལ་བ་ཙམ་མ་ཟད། བོད་མིའི་རང་དབང་འཐབ་རྩོད་ཀྱི་སྐོར་ལའང་གསུང་བཤད་གནང་བ་འགྲེལ་བརྗོད་གནང་གི་འདུག
སྲིད་སྐྱོང་མཆོག་ནས་རྒྱ་གར་བོད་པའི་ལོ་རྒྱུས་ཀྱི་འབྲེལ་བ་ཙམ་མ་ཟད། བོད་མིས་རང་དབང་འཐབ་རྩོད་ཀྱི་གནས་སྟངས་ཀྱང་འགྲེལ་བཤད་བསྐྱོན་སོང་བ་དེས། དེ་ལ་ཆེད་བཅར་གནང་མཁན་མང་པོ་ཞིག་གི་བོད་དོན་གོ་རྟོགས་སད་པར་ཕན་ཐོགས་འབྱུང་རྒྱུར་ཐེ་ཚོམ་མི་དགོས་པ་ཞིག་དང་། ཁོང་གིས་དབུ་མའི་ལམ་གྱི་སྐོར་དང་དབུ་མའི་ལམ་དེ་རྒྱ་ནག་གཞུང་གིས་དང་ལེན་མ་བྱས་པ། རྒྱ་གཞུང་གིས་དང་ལེན་མི་བྱེད་དོན་གྱི་ཧང་ཟོམ་ཅི་ཡིན་སོགས་གསལ་སྟོན་གནང་བ་འགྲེལ་བརྗོད་གནང་སོང་ཞིང་། མོ་རང་གིས་སྲིད་སྐྱོང་མཆོག་གི་གསུང་བཤད་གོ་སྒྲིག་གནང་དོན་ནི། རྒྱ་གར་དང་བོད་ཀྱི་འབྲེལ་བ་ནི་ཧ་ཅང་གཏིང་ཟབ་དང་དམིགས་བསལ་ཅིག་ཡིན་པ་འགྲེལ་བརྗོད་གནང་དོན་རྒྱ་གར་དང་བོད་ཀྱི་འབྲེལ་བ་ནི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་འབྲེལ་བ་ཞིག་ཡིན་པར་མཐོང་གི་ཡོད་ལ། སྲིད་སྐྱོང་མཆོག་ནས་དེ་རིང་ང་ཚོར་རྒྱ་གར་ནས་ནང་ཆོས་བོད་དུ་དར་བ་དང་ཕན་ཚུན་རྒྱལ་མཚམས་འདབས་འབྲེལ་ཡིན་པ་སོགས་ཀྱིས། བོད་དང་རྒྱ་གར་བར་གནའ་སྔ་མོ་ནས་འབྲེལ་ལམ་གཏིང་ཟབ་ཡོད་པ་མ་ཟད། ཁྱད་པར་དུ་སྤྱི་ལོ་༡༩༥༩ལོ་ནས་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་ནས་༧གོང་ས་མཆོག་དང་བོད་མི་ཚོ་རྒྱ་གར་ནང་བཞུགས་བཅུག་པ་དེ། རྒྱ་གར་གྱི་སྲིད་བློན་རིམ་པའི་སྐབས་རྒྱུན་བསྐྱང་བཞིན་པའི་ཁར། བོད་མི་ཚོས་རྒྱ་གར་ནང་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྦྱང་སྤྱོད་སྤེལ་གསུམ་བྱེད་ཐུབ་པ་སོགས་ཀྱི་ཆ་ནས་ཀྱང་འབྲེལ་བ་ཧ་ཅང་དམིགས་བསལ་ཅིག་ཡིན་པར་གསལ་སྟོན་གནང་བ་འགྲེལ་བརྗོད་གནང་སོང་།
གཞན་ཡང་ལི་ཟ་སིངྒ་ལགས་ནས་སྲིད་སྐྱོང་མཆོག་གིས་ཨོ་སི་ཁྲི་ར་ལི་ཡའི་ནང་གཟིགས་སྐོར་གནང་བ་དེས། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་དོན་ལ་ཕན་ཐོགས་ཆེན་པོ་ཡོད་པར་མཐོང་བ་འགྲེལ་བརྗོད་གནང་གི་འདུག བོད་མིའི་རང་དབང་འཐབ་རྩོད་ཀྱི་དབུ་མའི་ལམ་དེར་ནུབ་ཕྱོགས་སུ་རྒྱབ་སྐྱོར་ཆེན་པོ་ཡོད་པར་མཐོང་གི་འདུག་ལ། སྲིད་སྐྱོང་མཆོག་ནས་ཨོ་སི་ཁྲི་ར་ལི་ཡའི་ནང་གཟིགས་སྐོར་གནང་བ་དེས། བོད་དོན་དང་བོད་ཀྱི་ཆོས་རིག་དང་ངོ་བོ་སྲུང་སྐྱོབ་བཅས་འགྲོ་བཞིན་པར་ཕན་ཁྱད་ཆེན་པོ་ཡོད་པར་མཐོང་གི་ཡོད་པ་ནི། དཔེར་ན་ཁ་སང་སྲིད་སྐྱོང་མཆོག་ནས་ཨོ་སི་ཁྲི་ར་ལི་ཡའི་རྒྱལ་ཡོངས་གསར་སྤེལ་མཐུན་ཚོགས་སུ་གསུང་བཤད་གནང་བ་དེ་རྒྱལ་ཡོངས་སུ་རྒྱང་སྲིང་གནང་གི་ཡོད་པས་ཧ་ཅང་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བདུན་ཕྲག་སྔ་མ་ནས་ཨོ་སི་ཁྲི་ར་ལི་ཡར་ཕྱོགས་ཕེབས་དང་འབྲེལ། ཨོ་སི་ཁྲི་ར་ལི་ཡའི་གྲོས་ཚོགས་སུ་ཕེབས་བསུ་ཆེ་བསྟོད་གནང་བ་དང་། གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཚོར་ཐུག་འཕྲད་གནང་བའི་ཐོག། ཨོ་སི་ཁྲི་ར་ལི་ཡའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་སྟེང་བོད་དེ་འཛམ་གླིང་གི་ཁོར་ཡུག་དང་ས་ཁམས་ཆབ་སྲིད་ཐད་གལ་གནད་ཆགས་སྐོར་སོགས་ཀྱང་གསུང་བཤད་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།