རྒྱལ་སྤྱིའི་པེན་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་གནང་འདུག

2023.11.15
རྒྱལ་སྤྱིའི་པེན་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་གནང་འདུག རྒྱལ་སྤྱིའི་པེན་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་གནང་སྐབས། ༡༡།༡༥།༢༠༢༣
བསྟན་འཛིན་ལེགས་སྨོན། RFA/Dhasa

ལོ་རེར་འཆར་ཅན་རྒྱལ་སྤྱིའི་པེན་(PEN-international)་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༡༥ཉིན་ནི། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་གི་ཆེད་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་རྣམས་ཀྱི་ཉིན་མོ་རུ་སྲུང་བརྩི་གནང་གི་ཡོད་པ་བཞིན། ལོ་འདིར་ཡང་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་མང་པོ་ཡོད་པའི་ཁྲོད་ནས་ཛ་དྲག་རང་བཞིན་ཅན་བཞི་གློད་གྲོལ་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ལས་འགུལ་སྤེལ་དགོས་པའི་མིང་ཐོ་བཏོན་པའི་ནང་། བོད་ནང་རྒྱ་ནག་གིས་ལོ་བཅུ་ཐམ་པའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྩོམ་པ་བོ་སྒོ་ཤེས་རབ་རྒྱ་མཚོ་ལགས་བཏོན་ཡོད་ཅིང་། རྒྱལ་སྤྱིའི་པེན་ཡན་ལག་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱིས་བཞུགས་སྒར་ས་ར་མཐོ་སློབ་ཏུ་དུས་དྲན་སྲུང་བརྩི་གནང་སྐབས། པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་མི་མང་སྤྱི་འཐུས་པདྨ་འཚོ་ལགས་ཀྱིས་ཨེ་སེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཞི་ཅིན་ཕིན་ཉིན་དེར་ཨ་མི་རི་ཀའི་ནང་འབྱོར་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ནང་མང་གཙོ་དང་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཆེད་བཙོན་འཇུག་བྱས་པ་ཚོའི་དོན་དུ། མང་གཙོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཚོང་འབྲེལ་དང་དཔལ་འབྱོར་ཨང་དང་པོར་མ་བཞག་པར། རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང་གླེང་སློང་དགོས་པའི་འབོད་སྐུལ་གནང་སོང་།

C3012.MP4.10_08_00_02.Still001.jpg
པེན་ཡན་ལག་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱིས། བོད་མི་གཞོན་སྐྱེས་དང་རྩོམ་པ་བོ་སོགས་འདུ་འཛོམས་གནང་སྟེ། བཙོན་འོག་གི་རྩོམ་པ་བོའི་ཉིན་མོ་སྲུང་བརྩི་གནང་བའི་སྟེང་། བོད་ནང་བཙོན་འོག་ཏུ་ཡོད་པའི་རྔ་བ་རྫོང་གི་རྩོམ་པ་བོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ང་ཚོ་སད་རན་ཟེར་བ་སོགས། བོད་མིའི་བདེ་སྡུག་དང་འབྲེལ་བའི་དེབ་གྲགས་ཅན་མང་པོ་བཏོན་པ་དང་། ཁྱུང་མཆུ་རྫོང་གི་རྩོམ་པ་བོ་ཟངས་དཀར་འཇམ་དབྱངས་ལགས་ཀྱིས་འཕག་འཚག་རྒོད་པའི་སྨྲ་ལྕེ་ཟེར་བའི་རྩོམ་དེབ་བཏོན་པ། གསེར་རྟ་རྫོང་གི་རྩོམ་པ་བོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ཀྱིས་དུས་ཀྱི་ན་ཟུག་དང་དེ་རིང་གི་མིག་ཆུ་སོགས་བཏོན་ནས་བཙོན་ཁང་དུ་ཚུད་པ་དང་། རྣམ་སྲས་ལགས་ཀྱིས་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བ། རེབ་གོང་གི་རྩོམ་པ་པོ་རོང་པོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་རྐང་གླིང་སྐྱ་བོ་དང་ཕྲེང་བ་ནག་པོ། འཁོར་བ་སོགས་སྙན་དེབ་ཁག་ཅིག་བཏོན་པ་སོགས་བོད་ནང་ལོ་མང་བཙོན་འཇུག་བྱས་པའི་རྩོམ་པ་པོ་ཁག་ཅིག་ངོ་སྤྲོད་གནང་ཡོད་ཅིང་། རྒྱལ་སྤྱིའི་པེན་ཡན་ལག་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཡེ་ཤེས་བསམ་འགྲུབ་ལགས་ཀྱིས། བོད་ནང་གི་ཉེས་མེད་རྩོམ་པ་པོ་རྣམས་འཕྲལ་དུ་གློད་གྲོལ་དང་། རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་མི་དེ་འདྲ་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བུད་མེད་རྩོམ་པ་པོ་སྨིན་སྣང་མཛེས་ལགས་ཀྱིས། བོད་མི་གཞོན་སྐྱེས་རྩོམ་པ་པོ་རྣམས་ཀྱིས་མི་རབས་རྒན་པ་ཚོར་མིག་དཔེ་བལྟས་ཏེ། སོ་སོའི་སྨྱུག་རྩལ་ལ་བརྟེན་ནས་བོད་དོན་འཐབ་རྩོད་གནང་དགོས་པ་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་པེན་རྩོམ་པ་བོའི་མཐུན་ཚོགས་ཀྱིས་སྤྱི་ལོ་༡༩༨༡ལོ་ནས་འགོ་བཙུགས་ཏེ་བཙོན་འོག་གི་རྩོམ་པ་བོའི་ཉིན་མོ་སྲུང་བརྩི་གནང་ཡོད་ཅིང་། པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་སྤྱི་ལོ་༡༩༩༦ལོར་གསར་དུ་བཙུགས་པ་ནས་བཟུང་། ཡོ་རོབ་དང་ཨ་ཧྥི་རི་ཀ ཨེ་ཤེ་ཡ་སོགས་ཀྱི་ནང་རྒྱལ་སྤྱིའི་པེན་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཁག་ཏུ་བཅར་ཏེ། རྒྱ་ནག་གིས་བཙོན་འཇུག་བྱས་བའི་བོད་ཀྱི་རྩོམ་པ་པོ་ཚོའི་རྩོམ་འབྲི་དང་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་གྲོས་ཆོད་སྔ་རྗེས་བཞག་ཐུབ་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎