བོད་རང་སྐྱོང་ལྗོངས་ཁུལ་དུ་རང་ལུས་མེར་བསྲེགས་བྱུང་མེད།
2014.03.11
བོད་རང་སྐྱོང་ལྗོངས་ཁུལ་དུ་ཁོན་མེན་ལྟབུའི་མི་གསོད་དོན་རྐྱེན་འབྱུང་མི་སྲིད་ལ་བོད་མིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་མྱོང་མེད་ཟེར།
དེང་སང་རྒྱ་ནག་པེ་ཅིན་དུ་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་བཞིན་པའི་ཐོག་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་བརྗོད་པའི་ས་ཁུལ་གྱི་བོད་རིགས་འགོ་ཁྲིད་པདྨ་འཕྲིན་ལས་ཀྱང་ཚོགས་ཆེན་དུ་སླེབས་ཡོད་པ་དང་། ཁོང་གིས་སྤྱི་ཚེས་༡༠ཉིན་ཕྱི་ནང་གསར་འགོད་པ་ཚོར་བརྗོད་དོན། བོད་རང་སྐྱོང་ལྗོངས་ཁུལ་དུ་སྤྱི་ཚོགས་བདེ་འཇགས་ཀྱི་གནས་སྟངས་ཡག་པོ་ཡོད་བཞིན་པ་དང་། ཉེ་ལམ་རྒྱ་ནག་གི་ཁོན་མེན་གྲོང་ཁྱེར་ལ་བྱུང་བའི་མི་གསོད་དོན་རྐྱེན་དེ་འདྲ་བོད་ཀྱི་ས་ཁུལ་དུ་ཡོང་མི་སྲིད་པ་དང་། གལ་སྲིད་དེ་འདྲའི་དོན་རྐྱེན་བྱུང་ཡང་དེས་ཤུགས་རྐྱེན་གང་ཡང་བཟོ་ཐུབ་མིན་ཚུལ་བརྗོད་ཡོད་འདུག ད་དུང་ཁོང་གིས་བོད་རང་སྐྱོང་ལྗོངས་ཁུལ་གྱི་ས་ཆའི་གནས་བབ་དང་། རིག་གཞུང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱུ་མཚན་དུ་བགྲེངས་ཞོར་ཁོང་གིས་ད་སྔ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་བོད་མིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཡང་བྱུང་མྱོང་མེད་པ་བཤད་འདུག
འོན་ཀྱང་འདི་གའི་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ད་སྔ་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་བོད་མི་མི་གྲངས་བརྒྱད་ཀྱིས་སྔ་ཕྱིར་བོད་དོན་ཆེད་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་བོད་མི་གཉིས་དང་། ནག་ཆུལ་ས་ཁུལ་དུ་བོད་མི་བཞི། འདམ་གཞུང་དུ་བོད་མི་གཅིག ཆབ་མདོ་ཀརྨ་ཁུལ་དུ་བོད་མི་གཅིག་བཅས་ཁྱོན་བོད་ཀྱི་ས་ཁུལ་འདྲ་མིན་གྱི་བོད་མི་མི་གྲངས་བརྒྱད་ཀྱིས་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁོངས་ནས་དངོས་སུ་རང་ལུས་མེར་བསྲེགས་གནང་བ་མ་ཟད། ནག་ཆུ་འབྲི་རུ་ཁུལ་དུ་བོད་མི་བདུན་གྱིས་མེར་སྲེག་བྱེད་རྩིས་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་མ་ཟད། འདས་བའི་ལོ་ཤས་ནང་བོད་མདོ་སྨད་གཙོ་བའི་བོད་ཀྱི་ས་ཁུལ་གང་ས་ནས་བསྡོམས་པས་བོད་མི་མི་གྲངས་༡༢༧གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།