རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཕྱིན་མེད་ལུགས།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ཡར་རྒྱས་ཕྱིན་ཡོད་པ་གཟིགས་མེད་པ།

2009.06.06

༄༅༎ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ཡར་རྒྱས་ཕྱིན་ཡོད་པ་གཟིགས་མེད་པ་དང་དཔལ་འབྱོར་གྱི་བཅོས་བསྒྱུར་དང་ཨ་མི་རི་ཀའི་སྣོན་ཤུགས་ཀྱི་ཐོག་ནས་རྒྱ་ནག་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་པར་ཐུགས་ཕམ་ཡོད་ལུགས་གཟའ་པ་སངས་ཉིན་གསུངས་འདུག

འོན་ཀྱང་ལྕམ་པེ་ལོ་སིའི་ངོས་ནས་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་མུ་མཐུད་ངར་ཤུགས་ལྡན་པའི་སྣོན་ཤུགས་གནང་རྒྱུ་ཡིན་སྐོར་གསུངས་ཏེ་ཉེ་ཆར་ཁོང་རྒྱ་ནག་ཏུ་ཕེབས་སྐབས་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཁོང་གིས་རྒྱུན་རིང་ཐུགས་བརྩེ་ཆེན་པོ་གནང་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ཐུགས་སྣང་དེ་ཙམ་གནང་མེད་ལུགས་སྐྱོན་བརྗོད་བྱུང་བ་དེ་དག་བདེན་པ་མིན་པའི་ལན་འདེབས་གནང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་པེ་ལོ་སི་མཆོག་གིས་བཀའ་མོལ་དེ་དག་གཟའ་པ་སངས་ཉིན་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་སྦུ་རུ་ཀིང་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཁང་དུ་གསུང་བཤད་གནང་སྐབས་གསུངས་པ་ཞིག་ཡིན་ཞིང་ཁོང་གིས་ད་དུང་མི་ཚོས་ཐའེ་ལྦན་དང་ལྷོ་ཀོ་རི་ཡ་སོགས་དཔེ་ལ་སྦྱར་ཏེ་ཡུལ་གྲུ་དེ་དག་གི་ནང་དཔལ་འབྱོར་བཅོས་བསྒྱུར་བྱུང་རྗེས་ཆབ་སྲིད་ཀྱི་རང་དབང་ཐོབ་ཡོད་ལུགས་བརྗོད་ཀྱི་ཡོད་ཀྱང་ང་ཚོས་རྒྱ་ནག་ནང་མཐོང་ཆོས་སུ་ཡོད་པ་ནི་དཔལ་འབྱོར་བཅོས་བསྒྱུར་གྱི་ལས་རིམ་དེ་དག་ཆབ་སྲིད་བཅོས་བསྒྱུར་འགོག་ཐབས་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་པ་དེ་རེད་ཅེས་དང་དེ་བཞིན་ཁོང་གིས་ང་ཚོ་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་ནང་རང་དབང་ཆེ་ཙམ་འབྱུང་ཐབས་ཀྱི་འབད་བརྩོན་གཅིག་པུའི་ཐོག་ནས་ཕན་ཐོགས་གང་ཡང་བྱུང་མེད་པ་དེ་ངས་ཤེས་ཐུབ་ཀྱི་འདུག དེར་བརྟེན་ད་ཆ་འབད་བརྩོན་དེ་དག་གི་ཐོག་ནས་གྲུབ་འབྲས་ཞིག་འབྱུང་རྒྱུར་ང་ཚོས་ཐབས་ལམ་ཞིག་ངེས་པར་འཚོལ་དགོས་ཀྱི་རེད་ཅེས་གསུངས་འདུག

དེ་དང་ཆབས་ཅིག་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་རྒྱ་ནག་གི་འགོ་འཁྲིད་ཚོ་དང་མཇལ་འཕྲད་སྐབས་རྒྱ་ནག་གི་དཔལ་འབྱོར་འཛུག་བསྐྲུན་གྱི་ཐོག་ནས་མི་དམངས་ས་ཡ་མང་པོ་དབུལ་ཕོངས་ཀྱི་གནས་ལས་སྐྱོབ་ཐུབ་པ་བྱུང་བར་སྔགས་བརྗོད་གནང་ལུགས་ཀྱང་གསུངས་འདུག

ལྕམ་ནེན་སི་པེ་ལོ་སི་ནི་ཨ་མི་རི་ཀའི་རྩ་ཁྲིམས་ཀྱི་གཞིར་བཟུང་རྒྱལ་ཁབ་ཀྱི་དབུ་འཁྲིད་མཐོ་ཤོས་ཨང་གསུམ་པ་དེ་ཡིན་པ་དང་ངོ་བོ་དེའི་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་གཙོས་པའི་རྒྱ་ནག་གི་དབུ་འཁྲིད་ཚོ་དང་མཇལ་འཕྲད་སྐབས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཐད་ཀར་བཀའ་བསྡུར་ཞུས་ཡོད་པ་གསུངས་ཤིང་ཁོང་གི་ཆབ་སྲིད་ཀྱི་དབང་ཚད་ངོ་བོར་འགྱུར་བ་ཕྱིན་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ཀྱི་གཞི་རྩའི་ལངས་ཕྱོགས་ཐད་འགྱུར་བ་གང་ཡང་ཕྱིན་མེད་པ་གསུངས་ཡོད་པ་རེད། ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གལ་ཏེ་ང་ཚོས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་ཡོད་པའི་འབོད་སྒྲ་མ་སྒྲོག་ཚེ་ མི་རིགས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་སྐད་ཆ་བཤད་རྒྱུའི་བཟང་པོའི་ནུས་པ་གང་ཡང་མེད་པ་ཆགས་རྒྱུ་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎