བོད་མགོ་ལོག་པདྨ་རྫོང་དུ་བོད་མིས་ཞི་བའི་ངོ་རྒོལ།
2012.01.27
༄༅༎ཟླ་བ་འདིའི་ཕྱི་ཚེས་༢༦རེས་གཟའ་ཕུར་བུའི་ཉིན་མགོ་ལོག་པདྨ་རྫོང་དབང་རུས་ཡུལ་ཚོའི་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། དེ་ཉིན་བོད་མི་ཚོས་དབང་རུས་ཡུལ་ཚོའི་ནང་རྒྱ་ནག་གི་རྒྱལ་དར་མར་ཕབ་ཏེ་མེ་བསྲེག་བཏང་བ་དང༌། དེའི་ཚབ་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང༌། ནང་པའི་དར་ཆ་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང༌། སྐབས་དེར་པདྨ་རྫོང་གི་ཉེན་རྟོག་པ་དང༌། དམག་མིའི་མོ་ཊ་ཆེ་ཆུང་༡༦ སླེབས་ཏེ་བོད་མི་ངོ་རྒོ་བྱེད་མཁན་འཛིན་བཟུང་བྱས་པ་དང༌། ཉེས་རྡུང་ཚབས་ཆེ་བཏང་ཡོད་ཀྱང་ཁོང་ཚོའི་གནས་སྟངས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད། དེ་བཞིན་དུ་ཕྱི་ཚེས་༢༤ རྒྱ་མིའི་དཔྱིད་ལོའི་ལོ་གསར་ཚེས་༢ ཉིན་དབང་རུས་ཡུལ་ཚོའི་མི་སྐྱ་དྲུག་གིས་པདྨ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱེད་པའི་སྐབས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཁོངས་ནས་གཅིག་གི་མཚན་ལ་ཚེ་བརྟན་ཞུ་བ་དང༌། གཅིག་ཤོས་དེ་དམ་ཆོས་རྡོ་རྗེ་ཞུ་བ་ཡིན་ཞིང༌། ཁོང་གཉིས་ལ་རྒྱ་མིའི་ཉེན་རྟོག་པས་ཉེས་རྡུང་དང་མནར་གཅོད་ཚབས་ཆེ་བཏང་བའི་རྐྱེན་གྱིས་ད་ལྟའི་སྐབས་སྲོག་ལ་ཉེན་ཁ་ཆེན་པོ་གནས་ཡོད་པ་རེད། ཚེ་བརྟན་ལགས་ནི་ད་ལྟའི་འཆར་སྐད་ཆ་ཤོད་མ་ཐུབ་པའི་གནས་སུ་ལྷུངས་ཡོད་ཅིང༌། ད་དུང་ཕྱི་ཚེས་༢༦ ཉིན་པདྨ་རྫོང་སྡེ་ནང་ཡུལ་ཚོའི་དགེ་འདུན་པ་ཞིག་གིས་རང་ལུས་ལ་ས་སྣུམ་བླུགས་ཏེ་རྫོང་གི་ལམ་དཀྱིལ་དུ་བསྐྱོད་ནས་རང་ལུས་མེ་བསྲེག་གཏོང་ཐབས་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པ་དང་དམག་མིས་ཤེས་རྟོགས་བྱུང་སྟེ་འཕྲལ་དུ་འཛིན་བཟུང་བྱས་ཡོད་པ་རེད།