བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཨེསི་ཀྲོ་ནི་ཡའི་སྲིད་བློན་དང་མཇལ་འཕྲད་དང་གལ་ཆེའི་ཚོགས་འདུ་ཐོག་མཉམ་ཞུགས་གནང་ཡོད་པ།

2023.09.09
བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཨེསི་ཀྲོ་ནི་ཡའི་སྲིད་བློན་དང་མཇལ་འཕྲད་དང་གལ་ཆེའི་ཚོགས་འདུ་ཐོག་མཉམ་ཞུགས་གནང་ཡོད་པ། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨེསི་ཊོ་ནི་ཡའི་སྲིད་བློན་ལྕམ་སྐུ་(Kaja Kallas) མཆོག་དང་མཇལ་འཕྲད་གནང་སྐབས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་ཡང་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དོན་གྲུབ་བཀྲིས་ལགས། དེ་བཞིན་སྤྱི་འཐུས་ཕུར་བ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་Estoniaའི་ནང་། ཟླ་འདིའི་ཚེས་༦་ཉིན་གོ་ལ་ཧྲིལ་པོའི་དཀྱེལ་ཡངས་སྲིད་གཞུང་གི་མཛའ་འབྲེལ་ལྷན་ཚོགས་སམ་Government Partnership Global Summit ཞེས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་དང་ཡུལ་དེའི་སྲིད་བློན་ལྕམ་Kaja Kallas མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། ཕྱི་ཚེས་༦་ཉིན་སྤྱི་འཐུས་རྣམས་སྲིད་ཇུས་མཛའ་འབྲེལ་ལྷན་ཚོགས་ཞེས་པའི་ཚོགས་ཆེན་ནང་ལྷན་ཞུགས་གནང་བའི་རྗེས་སུ་ཚོགས་འདུ་གཞན་ཁག་ནང་མཉམ་ཞུགས་གནང་སྟེ་སྐབས་བསྟུན་བརྗོད་གཞི་ཁག་དང་འཕྲོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་རྒྱུ་བྱུང་བ་མ་ཟད། སྤྱི་འཐུས་རྣམ་པས་རྒྱལ་ཁབ་འདྲ་མིན་ནས་ཆེད་ཕེབས་གནང་བའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མི་མང་གི་སྐུ་ཚབ་མང་པོ་དང་ལྷན་དུ་མཇལ་འཕྲད་གནང་སྟེ། རྒྱ་དམར་གཞུང་གིས་བོད་ནང་སྡུག་རྩུབ་དྲག་གནོན་ཆེ་བའི་ཐབས་བྱུས་སྣ་ཚོགས་སྤེལ་ཏེ་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་གནད་དོན་སྤྱི་དང་། ལྷག་དོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཙོ་བོར་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་འདུག ཕྱི་ཚེས་༧་ཉིན་སྤྱི་འཐུས་རྣམས་ཀྱིས་ཚོགས་འདུ་མང་པོར་མཉམ་ཞུགས་གནང་སྟེ་འདྲི་བ་འདྲི་ལན་ནང་ཆ་ཤས་བླངས་ཡོད་པ་དང་།

Maria Ressa.jpg
བོད་མི་མང་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༡ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གསར་འགོད་པ་གྲགས་ཅན་ལྕམ་སྐུ་(Maria) མཆོག་དང་ལྷན་མཇལ་འཕྲད་གནང་སྐབས།

ཕྱི་ལོ་༢༠༢༡་ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གསར་འགོད་པ་གྲགས་ཅན་Maria ལགས་དང་ཟུར་མཇལ་ཞུས་ཏེ། དེ་སྔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་འཚམས་འཕྲིན་གནང་སྟེ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཐག་གཅོད་དང་། ཁོང་གི་ཕྱག་ལས་ལ་ཡི་རངས་ཞུས་པའི་གནས་ཚུལ་སོགས་དྲན་སྐུལ་ཞུས་པར་ཁོང་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ལྷན་ཚོགས་འདིར་བོད་མིའི་སྐུ་ཚབ་རྣམས་མཇལ་འཕྲད་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་བའི་སྐོར་སོགས་གསུངས་འདུག ཡང་སྤྱི་འཐུས་རྣམས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་Jackie Speier ལགས་མཇལ་འཕྲད་གནང་སྟེ། ད་བར་ཁོང་ནས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་རྒྱབ་སྐྱོར་མུ་མཐུད་ནས་གནང་སྐྱོང་ཡོང་བའི་སྐུལ་མ་ཞུས་པར། ཁོང་ནས་ཀྱང་ཞལ་བཞེས་གནང་བ་མ་ཟད་ཚོགས་ཐོག་ཏུ་བོད་མིའི་སྐུ་ཚབ་རྣམས་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག
ཕྱི་དྲོའི་ཕྱག་ཚོད་༧་དང་ཕྱེད་ཀ་ཙམ་ལ་ཨེས་ཀྲོ་ནི་ཡའི་སྲིད་བློན་ལྕམ་Kaja Kallas མཆོག་མཇལ་འཕྲད་གནང་སྐབས་སྤྱི་འཐུས་རྣམས་ཀྱིས་སྲིད་བློན་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས་ཚོགས་ཆེན་འདིར་བོད་མིའི་སྐུ་ཚབ་བཅས་ཕེབས་དགོས་དོན་སོགས་ཀྱི་སྐོར་སྙན་སེང་ཞུས་པ་དང་། ད་དུང་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནད་དོན་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་ཞ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་དེ་སྔོན་བེད་སྤྱོད་གནང་བའི་ཕྱི་སྐྱོད་ལག་འཁྱེར་གྱི་ངོ་བཤུས་ཤིག་དང་། དེ་བཞིན་བོད་མིའི་དམངས་གཙོའི་བྱུང་རིམ་གཙོས་པའི་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་ཡིག་ཆ་ཁག་ཕུལ་འདུག ཚོགས་འདུ་དེའི་ཐོག་བོད་དང་ཐེ་ཝན་གྱི་སྐུ་ཚབ་ཚུད་པའི་རྒྱལ་ཁབ་མ་འདྲ་བ་བརྒྱ་ལྷག་གི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ དེ་བཞིན་མི་མང་གི་སྐུ་ཚབ་མཚོན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་སྡོམ་མི་གྲངས་༢༠༠༠་ཙམ་མཉམ་ཞུགས་གནང་ཡོད་པའི་གནས་ཚུལ་འདུག།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎