རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཕ་མའི་ཉིན་མོ་སྲུང་བརྩི་དང་འབྲེལ་ཤེས་རིག་བཀའ་བློན་མཆོག་གིས་ཕ་མས་བཟང་སྤྱོད་ལྡན་པའི་ཕྲུ་གུ་གསོ་སྐྱོང་གནང་རྒྱུར་འབད་དགོས་པའི་ལམ་སྟོན་གནང་འདུག

ཕ་མའི་ཉིན་མོ་སྲུང་བརྩི་དང་འབྲེལ་ཤེས་རིག་བཀའ་བློན་མཆོག་གིས་བོད་ཀྱི་ཕ་མ་ཚོས་བུ་ཕྲུག་གསོ་སྐྱོང་གནང་སྐབས་གཤིས་སྤྱོད་རྩུབ་པོ་དང་དབང་ཤེད་དྲག་པོ་མ་གནང་བའི་སྒོ་ནས་སྐྱེད་སྲིང་གནང་དགོས་པའི་བསྒྲགས་གཏམ་ཞིག་སྩལ་འདུག
བཙན་བྱོལ་སྤྱི་ཚོགས་ནང་དུ་སྤྱི་ཟླ་ ༣ ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་ལགས་ཀྱི་འཁྲུངས་སྐར་དང་བསྟུན། ཉིན་མོ་དེ་བཞིན་བོད་ཀྱི་ཕ་མའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནས། ཕ་མའི་ཉིན་མོར་གསུང་འཕྲིན་སྩལ་བའི་ནང་བོད་མི་ཚང་མས་དུས་དང་རྣམ་པ་ཀུན་ཏུ་༸རྒྱལ་བའི་བཀའ་དྲིན་སྙིང་བཅང་ཞུ་དགོས་པ་དང་། ཕ་མ་ཚོས་བུ་ཕྲུག་གསོ་སྐྱོང་གནང་སྐབས་གཤིས་སྤྱོད་རྩུབ་པོ་དང་དབང་ཤེད་དྲག་པོའི་སྒོ་ནས་མ་ཡིན་པར། ཕྲུ་གུའི་ལུས་ངག་གི་བྱ་སྤྱོད་དང༌། བསམ་བློའི་འཁྱེར་སོར་ཞིབ་འཇུག་མཐིལ་ཕྱིན་དང་འབྲེལ་གོ་བསྐོན་སློབ་གསོ་ཡང་ཡང་བསྐྱོན་དགོས་པ་གསུངས་འདུག
དཔེ་སྟོན་སློབ་གྲྭར་ཕ་མའི་དུས་དྲན་སྲུང་རྩི་དང་འབྲེལ་དགེ་རྒན་ཕ་མའི་ཐུག་འཕྲད་ཀྱི་མཛད་སྒོ་ཚོགས་བཞིན་ཡོད་པ་དང་། དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ལོ་གཅིག་ནང་དགེ་རྒན་ཕ་མའི་ཐུག་འཕྲད་ཐེངས་གསུམ་གནང་གི་ཡོད་པས། ཐུག་འཕྲད་སྐབས་གཙོ་བོ་སློབ་ཕྲུག་གི་ཤེས་སྤྱོད་འཕྲོད་གསུམ་ཡར་རྒྱས་གཏོང་ཐབས་ཐོག་གྲོས་བསྡུར་དང་། ལྷག་པར་དུ་ཕ་མ་ཚོས་ཕྲུ་གུ་མཉམ་དུ་དུས་ཚོད་ག་ཚོད་གཏོང་དགོས་མིན་དང་། གློག་ཆས་རིགས་བེད་སྤྱོད་ཉུང་དུ་གཏོང་དགོས་པ། སློབ་ཕྲུག་གི་ཤེས་སྤྱོད་འཕྲོད་གསུམ་ཐོག་དོ་སྣང་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ་གྲོས་བསྡུར་གནང་གི་ཡོད་སྐོར། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༥ ཉིན་དེ་རྒྱལ་ཡུམ་ཆེན་མོའི་འཁྲུངས་ཚེས་དང་བསྟུན། བོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་དང་ཚོགས་སྡེ་ཁག་ཏུ། བོད་ཀྱི་ཕ་མའི་ཉིན་མོ་ཞེས་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་རེད་ལ། ཡང་མེག་ལོར་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་ཚེ་བསྟན་ལགས་ནས། ཕ་མའི་དུས་དྲན་དེ་བཞིན་གཙོ་བོ་ཕ་མ་གལ་ཆེན་ཡིན་པའི་ཚོར་སྣང་སླེབས་ཆེད་དང་། ཕ་མས་ཕྲུ་གུ་སྐྱོང་སྐབས་མིག་དཔེ་བཟང་བོ་བསྟན་རྒྱུ། དེ་བཞིན་སློབ་སྦྱོང་གཅིག་པུ་མ་ཡིན་པར་བཟང་སྤྱོད་དགོས་རྒྱུ་དེ་གལ་ཆེན་ཡིན་པ་སོགས་འགྲེལ་བརྗོད་གནང་གི་འདུག་ལ། ཡང་དཔེ་སྟོན་སློབ་གྲྭའི་བོད་དགེ་པ་སངས་ལགས་ནས། རྒྱལ་ཡུལ་ཆེན་མོས་རང་གི་བུ་ཕྲུག་གསོ་སྐྱོང་ཡང་དག་བྱས་པ་ལ་བརྟེན་ནས་རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག འཛམ་གླིང་དུ་ཡོངས་སུ་གྲགས་པ་དང་བྱམས་དང་བརྩེ་བའི་བདག་ཉིད་ཅན་ཞིག་གསོ་སྐྱོང་གནང་ཡོད་པས། བོད་པའི་ཕ་མ་དག་གིས་རྒྱལ་ཡུམ་ཆེན་མོ་མཆོག་ལ་མིག་དཔེ་དང་སྐུལ་བཅག་ཡོང་གི་རེད་བསམ་ནས་ཕ་མའི་དུས་ཆེན་སྲུང་རྩི་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ། དེ་བཞིན་ཕྲུ་གུ་གཉིས་ཀྱི་ཨ་ཕ་ཡིན་པ་མིག་དམར་དབང་འདུས་ལགས་ཀྱིས་འཛམ་གླིང་གི་ཕ་མ་སུ་ཞིག་ཡིན་རུང་སོ་སོའི་ཕྲུ་གུའི་ཆེད་དུས་དང་རྣམ་པ་ཀུན་ཏུ་ཉིན་མཚན་དབྱེར་མེད་བཀའ་ལས་བརྒྱབ་པ་དེ། ཕྲུ་གུས་ཚོར་ཐུབ་ཆེད་ཡིན་པ་སོགས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་ཕ་མའི་ཉིན་མོ་དེ་བཞིན་ཕྱི་ལོ་ ༡༩༧༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་མཆོག་སྐུ་དངོས་ནས་ཆོག་མཆན་ཐོབ་པ་བརྒྱུད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་གཏན་འབེབ་གནང་བ་ཞིག་ཆགས་ཡོད་པ་དང་། ལོ་ལྟར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས་བོད་མིའི་སློབ་གྲྭ་ཁག་ཏུ། དུས་ཆེན་དེ་དང་བསྟུན་རྒྱལ་ཡུམ་ཆེན་མོར་རྗེས་དྲན་དང་བོད་ཀྱི་ཕ་མའི་དུས་ཆེན་ཞེས་སྲུང་བརྩི་གནང་གི་ཡོད་པ་རེད། །
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།