ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཁ་གསལ་དགོས་བའི་བསྒྲགས་གཏམ་སྤེལ་འདུག


2020.05.19
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག 2020/4/29 ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག 2020/4/29
AFP

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཁུ་ཕེམ་པོའུ་(Michael Pompeo)་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མིན་འཕྲལ་དུ་ཡོངས་བསྒྲགས་གསལ་འདོན་གནང་དགོས་པའི་བསྒྲགས་གཏམ་སྤེལ་འདུག
ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་རྗེས། ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ཧྲིལ་པོ་ ༢༥ ་ཕྱིན་པའི་དུས་སྐབས་དང་བསྟུན། ཕྱི་ཚེས་༡༨་རེས་གཟའ་ཟླ་བའི་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག་གིས་ཆེད་དུ་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་གང་དུ་བཞུགས་ཡོད་མེད་དང་། གནས་སྟངས་ཇི་ཡོད་སྐོར་འཛམ་གླིང་མི་མང་ལ་གསལ་བཤད་གསལ་བོ་གནང་དགོས་པའི་རེ་འདུན་ནན་པོ་བཏོན་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་རྩ་མེད་བཟོ་རྒྱུའི་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་པ་དེར་ཨ་རིའི་གཞུང་ལ་སེམས་འཚབ་ཆེན་པོ་ཡོད་པ་གསལ་འདོན་གནང་འདུག
ཕྱི་སྲིད་དྲུང་ཆེ་མཆོག་གིས་གསར་འགོད་བསྒྲགས་གཏམ་དེ་བརྒྱུད་མུ་མཐུད་གསུངས་པར། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཆོས་དད་རང་དབང་གཙིགས་ཆེར་འཛིན་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་དང་། གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་ལ་སོགས་པའི་གྲྭ་ཤག་མང་པོ་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་བྱས་བ་སོགས་ལ་ཐུགས་འཚབ་གནང་གི་ཡོད།
རྒྱ་ནག་ནང་རྒྱ་ནག་གཞུང་གིས་ཆོས་དད་ལ་དྲག་གནོན་དང་དབྱེ་འབྱེད་བྱེད་ཀྱི་ཡོད་པ་རེད། ཨ་མི་རི་ཀས་དེ་ལྟ་བུའི་ཨ་རིའི་ཆོས་དད་རང་དབང་གཙིགས་ཆེར་འཛིན་པའི་དགོས་འདུན་འོག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ་ཟླ་ ༥ ་ཚེས་ ༡༧ ་ཉིན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་གསང་ཉར་བྱས་པ་ནས་བཟུང་། ད་བར་ལོ་ངོ་ ༢༥ ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན།རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་གང་དུ་བཞུགས་ཡོད་མིན་ཡོངས་བསྒྲགས་གསལ་པོ་བཟོ་དགོས་པ་དང་། རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་དང་རྒྱལ་སྤྱིའི་འགྲོ་བ་ཡོངས་ཀྱི་ཆོས་དད་རང་དབང་བཅས་ལ་བརྩི་སྲུང་གནང་གལ་ཆེ་བའི་སྐོར་སྐུལ་མ་གནང་འདུག
དེ་བཞིན་སྤྱི་ཚེས་༡༧་ཉིན། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མྱུར་གློད་བཀྲོལ་གཏོང་དགོས་བའི་ཐད་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མིས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ཡོད།
རྒྱ་ནག་གཞུང་གི་དམ་དྲག་གི་སྲིད་ཇུས་འོག་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་རྩ་མེད་བཟོ་བཞིན་པ་དེར་ཐུགས་འཚབ་ཆེན་པོ་ཡོད་པ་ཨ་མི་རི་ཀ་གཞུང་གིས་གསལ་འདོན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་འདུག
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མྱུར་གློད་གྲོལ་ཡོང་ཆེད་ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་བའི་དགོས་འདུན་བཏོན་ནས་མར་མེ་ཁྲོམ་སྐོར་གནང་ཡོད་པ་རེད།
ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་༡༩༨༩་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་༡༩༩༥་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་གནང་ཡོད་པ་རེད། འོན་ཀྱང་ངོས་འཛིན་གནང་ནས་ཉིན་གསུམ་ལས་མ་འགོར་བར་ཕྱི་ལོ་༡༩༩༥་ཕྱི་ཟླ་ལྔ་པའི་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་ཁོང་དང་ཡབ་ཡུམ་བཅས་པ་བཙན་ཁྲིད་བྱས་རྗེས། ད་བར་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎