རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་པའི་ནུས་པ་མེད།


2020.09.29
རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་པེ་ཅིང་གི་སྲིད་གྲོས་ཐོག ༢༠༢༠།༥།༢༧ རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་པེ་ཅིང་གི་སྲིད་གྲོས་ཐོག ༢༠༢༠།༥།༢༧
AP

རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་ཟེར་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས། རྒྱ་ནག་དམར་ཤོག་ཚོགས་པའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་ཀྱང་། ཁོང་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་པའི་ནུས་པ་མེད་པ་ཧོང་ཀོང་གི་(South China Morning Post)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་ཡང་གནས་ཚུལ་ནང་ད་ལྟ་དགུང་ལོ་༣༠ལ་སོན་པའི་རྒྱལ་མཚན་ནོར་བུ་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོ་བཞག་བྱས་པའི་རྗེས། ཁོང་གིས་བོད་ནང་བོད་མིར་ཕན་པའི་ཕྱག་ལས་ནུས་པ་ཐོན་པ་གནང་ཐུབ་པའི་ནུས་པ་ཡོད་མེད་མང་པོས་བརྟག་ཞིབ་བྱས་ཡོད་པ་དང་། ལྷག་པར་དུ་མི་ལོ་བཅུ་ཕྲག་གཅིག་ཙམ་གོང་ཁོང་དགུང་ལོ་༢༠ཡིན་སྐབས་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་དུ་བསྐོ་བཞག་བྱས་པའི་རྗེས། ཁོང་གིས་པཎ་ཆེན་སྐུ་གོང་མའི་མཛད་རྗེས་མུ་མཐུད་དུ་བཟུང་ནས་བོད་ཀྱི་དབུ་ཁྲིད་ཆགས་སྲིད་པའི་ཚོད་དཔག་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གི་ངོས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོར་བཞག་བྱས་བའི་རྒྱལ་མཚན་ནོར་བུ་ལགས། བོད་མིའི་ནང་པའི་དབུ་ཁྲིད་ཞིག་མཚོན་ཐུབ་ཐབས་སུ་འབད་བརྩོན་ཆེན་པོ་བྱས་ཡོད་རེད། ཕྱི་ལོ་༢༠༡༢ལོར་ཁོང་ཧོང་ཀོང་དུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་གསུམ་པར་མཉམ་ཞུགས་གནང་ཡོད་པ་དང་། དེ་ནི་ཁོང་རྒྱ་ནག་གི་ཕྱི་ལ་ཕེབས་པ་ཐོག་མ་དེ་ཡིན་པ་རེད། དེའི་རྗེས་སྔ་ལོའི་ཕྱི་ཟླ་ལྔ་པའི་ནང་ཁོང་བྷེང་ཀོག་ཐེ་ལེན་ཊིར་ཕེབས་ནས་ནང་པའི་མཐོ་སློབ་ཁང་ཞིག་ནང་གསུངས་བཤད་གནང་ཡོད་པ་རེད། སྔ་ལོ་རྒྱ་ནག་གཞུང་གིས་ཁོང་རྒྱ་ནག་ནང་པའི་མཐུན་ཚོགས་ཀྱི་བོད་ཀྱི་ཡན་ལག་གི་གཙོ་འཛིན་དུ་བསྐོ་བཞག་བྱས་ཡོད་པ་སོགས་གང་ལྟར་རྒྱ་ནག་གཞུང་གིས་ཁོང་བཙན་བྱོལ་ནང་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཚབ་ཏུ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་བཟོ་ཐབས་བྱེད་བཞིན་པ་ནི་ཧ་ཅང་གསལ་པོ་ཡིན་ཀྱང་། ད་བར་རྒྱལ་མཚན་ནོར་བུར་ཆབ་སྲིད་ཀྱི་དབང་དང་ཤུགས་རྐྱེན་ཡོད་པའི་རྟགས་མཚན་ནི་གང་ཡང་ཐོན་མེད་པ་རེད། དེ་བཞིན་ཉེ་བའི་ལོ་ཤས་ནང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་སྟངས་འཛིན་ནན་དུ་གཏོང་ཆེད། བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་ཡིད་ཆེས་བློས་འཁེལ་བྱེད་ཤུགས་ཆུང་དུ་བཏང་བའི་སྲིད་ཇུས་འཛིན་བཞིན་པར་སོང་། མ་འོངས་པར་ཡང་རྒྱལ་མཚན་ནོར་བུར་ཆབ་སྲིད་ཀྱི་དབང་ཆ་ཆེན་པོ་དེ་འདྲ་རག་པའི་རེ་བ་མེད་པ་ཞིག་ཡིན་པ་རེད།
དེའི་ཐད་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་གི་(Birmingham)་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་གྱི་སློབ་དཔོན་ཕྱག་རོགས་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས། ཁོང་གིས་རྒྱལ་མཚན་ནོར་བུ་ལགས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ཆེད་ཆོས་ཀྱི་དབུ་ཁྲིད་དུ་པཎ་ཆེན་རིན་པོའི་ཆེའི་ཡང་སྲིད་དུ་བསྐོ་བཞག་བྱས་བ་ལས། ཁོང་ལ་ཆབ་སྲིད་དབང་ཆ་ནུས་བ་ལྡན་པ་དེ་འདྲ་མེད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་བོད་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ (Wu Yingjie)་ཡིས། རྒྱལ་མཚན་ནོར་བུ་ལགས་སུ་དམར་ཤོག་ཚོགས་པའི་དབུ་ཁྲིད་ཀྱི་གལ་གནད་སོགས་ཆབ་སྲིད་ཀྱི་སློབ་གསོ་སྤྲད་ཡོད་ལུགས་བོད་གནས་མཁས་པ་(Robbie Barnett)་ལགས་ཀྱིས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎