པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཆེད་བོད་མི་ཚོས་ལས་འགུལ་འདྲ་མིན་སྤེལ་འདུག

ཕྱི་ཟླ་༥བའི་ཚེས་༡༧ཉིན་ནི། དེ་སྔ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་མི་ལོ་༢༨ཕྱིན་པའི་ཉིན་མོ་ཡིན་པར་བརྟེན། དུས་དྲན་དང་འབྲེལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་རྣམ་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་སྔོན་འགྲོའི་ཆ་རྐྱེན་གང་མེད་པར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདས་པའི་ལོ་༢༨རིང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡པའི་གནད་དོན་གསལ་རྟོགས་ཆེད་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་ན་ཡང་ད་དུང་རིན་པོ་ཆེ་མཆོག་གི་གནས་སྟངས་ཇི་ཡིན་དང་། གང་དུ་ཡོད་མེད་གསལ་བོ་མེད་པས་དེ་ནི་རྒྱ་ནག་གཞུང་གི་ཐད་ཀར་ཐེ་བྱུས་ཡོད་པ་ར་སྤྲོད་བྱེད་ཀྱི་ཡོད་སྐོར་གསུངས་འདུག ཡང་ཁོང་གིས་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་གང་དུ་ཡོད་མེད་དང་། སྐུ་གཟུགས་ཀྱི་གནས་སྟངས་ཇི་འདྲ་ཡོད་མེད་སྐོར་ར་སྤྲོད་འཕེར་བའི་གནས་ཚུལ་མཁོ་སྤྲོད་མ་བྱས་པ་དེས་རྒྱ་ནག་གཞུང་དེ་བཞིན་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་ཞིག་ཡིན་པ་མངོན་གསལ་ཡིན་སྐོར་གསུངས་འདུག
ཡང་ཚེས་༡༧ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་དང་ཧུན་སུར། ཀོ་ལེ་གྷལ་བཅས་ས་གནས་ཁག་གསུམ་གྱི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་བཅས་ཐུན་མོང་གིས་གོ་སྒྲིག་གནང་ནས། རྒྱ་གར་ལྷོ་ཕྱོགས་མེའི་སོར་གྲོང་ཁྱེར་ནང་བོད་མི་རྒན་གཞོན་ཕོ་མོ་༣༠༠་སྐོར་ཞིག་གིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པའི་གནས་སྟངས་གསལ་སྟོན་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་བ་རྒྱ་ནག་གཞུང་ལ་འབོད་སྐུལ་དང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།
གཞན་བཞུགས་སྒར་རྡ་རམ་ས་ལ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་ས་གནས་ཁག་ཅིག་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཆེད་ཞི་བའི་ལས་འགུལ་འདྲ་མིན་སྤེལ་གནང་ཡོད་པ་རེད།
བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ཡིས། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོངས་ཐབས་སུ། བྱང་ཨ་མི་རི་ཀ་དང་། ཡོ་རོབ་ཁུལ་ལ་ཟླ་གཅིག་རིང་ཕྱོགས་བསྐྱོད་ཀྱིས་གཞུང་འབྲེལ་ཚོགས་སྡེ་ཁག་ལ་ཞུ་གཏུགས་ལས་འགུལ་སྤེལ་གནང་བ་དེ་ཚེས་༡༧ཉིན་སུས་སིར་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་གསར་འགོད་ལྷན་ཚོགས་ཚོགས་ནས་མཇུག་སྒྲིལ་འདུག
སྤྱི་ལོ་༡༩༩༥ལོའི་ཕྱི་ཟླ་༥བའི་ཚེས་༡༧ཉིན་རྒྱ་ནག་གཞུང་གིས་སྐབས་དེར་དགུང་ལོ་༦ལས་སོན་མེད་པའི་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་རྣམས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ནག་ཆུ་ལྷ་རི་ནས་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་གྱུར་ཡོད་པ་དང་། གོང་ཚེས་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པའི་ཉིན་གསུམ་གྱི་རྗེས་སུ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་བ་ཡིན་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།