དཔལ་འབྱོར་བཀའ་བློན་གྱིས་ཨ་རིར་ཕྱོགས་བསྐྱོད་གནང་བཞིན་པ།
2014.08.29
དཔལ་འབྱོར་བཀའ་བློན་དང་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་གོ་རྟོག་སྤེལ་ཆེད་གཞུང་དོན་ཕྱོགས་སྐྱོད་གནང་བཞིན་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་བྱང་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དང་གྲོང་ཁྱེར་ནིའུ་ཡོག མི་ནི་སོ་ཀྲ སན་ཕི་རན་སི་ཀོ མི་གྲི་སིན། ཆི་ཀ་ཀོ ཁེ་ནེ་གྲའི་གྲོང་ཁྱེར་ཀྲོ་རན་ཀྲོ་སོགས་ཀྱི་ནང་སྐབས་བཅུ་པའི་བཀའ་ཤག་གི་ལྟ་གྲུབ་ལམ་སྟོན་འོག་དབུ་མའི་ལམ་གྱི་སྲིད་བྱུས་དང་། དཔྱ་ཁྲལ་ལག་དེབ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཆེད་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༣པའི་ཐོག་ལྷན་ཞུགས་ཆེད་ཨ་རིར་ཕེབས་ཡོད་པ་དང་། བཀའ་བློན་ཚེ་རིང་དོན་གྲུབ་ལགས་ཕྱི་ཚེས་༢༦དང་ཕྱི་ཚེས་༢༨ ཉིན་གཉིས་སོ་སོར་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་པོཀྲ་ལན་གྲི་དང་། སན་ཕི་རན་སི་ཀོ་གྲོང་ཁྱེར་གཉིས་ནང་དབུ་མའི་ལམ་གྱི་སྲིད་བྱུས་དང་དཔྱ་ཁྲལ་ལག་དེབ་གོ་རྟོགས་ཀྱི་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། ཡང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཕྱི་ཚེས་༢༦ ཉིན་རྡོ་རྗེ་གླིང་རང་འཚོ་བཟོ་གྲྭའི་ཚོགས་ཁང་ནང་ཁྱོན་མི་གྲངས་༦༠ཙམ་ལ་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་ཡོད་པ་དང་ཉིན་རྒྱབ་ས་ཁུལ་དུ་ཡོད་པའི་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་འགན་འཛིན་ལྷན་ཚོགས་མཉམ་བཞུགས་མོལ་ཚོགས་འདུ་གནང་ཡོད།
གསར་འགོད་པ་ལྷུན་གྲུབ།