རྒྱ་ནག་གི་དངོས་ཟོག་ཐོན་སྐྱེད་ཀྱི་བྱ་གཞག་ལ་དོ་ཕོག་ཐེབས།
2009.01.04
༄༅༎རྒྱ་ནག་གི་དངོས་ཟོག་ཐོན་སྐྱེད་ཕྱིའི་རྒྱལ་ཁབ་ཀྱི་མངགས་ཉོ་བྱེད་མཁན་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ཕྱི་ཟླ་བཅུ་གཉིས་པའི་ནང་བསྐྱར་དུ་རྒྱ་ནག་གི་དངོས་ཟོག་ཐོན་སྐྱེད་ཀྱི་བྱ་གཞག་ལ་དོ་ཕོག་ཐེབས་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གཞུང་ཕྱོགས་ནས་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་དཀའ་ཚེགས་ཅན་དུ་གྱུར་བའི་སྐབས་དེར་རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་ཇི་ཙམ་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མུ་མཐུད་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཅིང་ལྷག་པར་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ བརྒྱ་ཆ་བཞི་ཅུ་ཙམ་ནི་རྒྱ་ནག་གི་དངོས་ཟོག་གི་ཐོན་སྐྱེད་ཡིན་པ་དང་ཡིན་ནའང་ཁ་སྔོན་ཕྱི་ཟླ་བཅུ་གཅིག་པ་ཟླ་བ་ཆ་ཚང་ནང་ཕྱི་རྒྱལ་ནས་དངོས་ཟོག་མངགས་ཉོ་བྱེད་མཁན་ཉུང་དུ་ཕྱིན་ཏེ་བརྒྱ་ཆ་བཞི་ཅུ་ཞེ་གཅིག་ཙམ་ལས་བྱུང་མེད་པ་དེ་ནི་བརྒྱ་ཆ་ལྔ་ཅུ་ཟིན་མེད་པ་དེའི་ཐོག་ནས་རྒྱ་ནག་གི་ཕྱིར་ཚོང་གི་བྱ་གཞག་ལ་ཚབས་ཆེའི་དོ་ཕོག་ཐེབས་ཡོད་པ་རེད་ཅེས་དང་ད་དུང་ཡང་ཕྱི་ཟླ་བཅུ་གཉིས་པའི་ནང་ལའང་ཕྱི་རྒྱལ་ཚོང་ལས་པས་དངོས་ཟོག་མངགས་ཉོ་བྱེད་མཁན་ཉུང་དུ་ཕྱིན་ཏེ་སླར་ཡང་ཟླ་བ་དེ་ནི་རྒྱ་ནག་གི་ཕྱིར་ཚོང་བྱ་གཞག་ལ་ཉམས་རྒུད་ཕྱིན་པ་ཐེངས་གསུམ་པ་དེ་ཡིན་པར་བརྟེན་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ཕྱི་རྒྱལ་ནས་དངོས་ཟོག་མངགས་ཉོ་བྱེད་མཁན་རིམ་བཞིན་ཉུང་དུ་འགྲོ་བཞིན་པ་དེའི་རྐྱེན་གྱིས་བཟོ་གྲྭ་སྟོང་ཕྲག་མང་པོ་སྒོ་རྒྱབ་དགོས་པའི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་དང་དེའི་ཐོག་ནས་ལས་མེད་ཀྱི་གྲངས་འབོར་མང་དུ་ཕྱིན་ཏེ་ལས་བཟོ་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དང་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ལས་མེད་ཀྱི་གྲངས་འབོར་མང་དུ་འགྲོ་བར་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་ཐོག་དཀའ་ངལ་འཕར་མ་ཞིག་ཆགས་རྒྱུའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ནི་ཕྱི་ལོ་༢༠༠༨ལོར་བརྒྱ་ཆ་དགུ་བར་ཉུང་དུ་ཕྱིན་ཡོད་པ་དང་དེ་ནི་ཕྱི་ལོ་༢༠༠༧ལོར་བརྒྱ་ཆ་བཅུ་གཉིས་བར་ཉུང་དུ་ཕྱིན་པ་ནས་ད་དུང་ཉུང་དུ་ཕྱིན་ཡོད་པ་མ་ཟད་དམིགས་བསལ་ཕྱི་ལོ་གསར་པའི་ནང་དེ་བས་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་དུ་ཕྱིན་ཏེ་བརྒྱ་ཆ་དྲུག་བར་ཏུ་འགྲོ་རྒྱུ་ཡིན་པའི་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་བཟོ་གྲྭ་ཁག་ལ་ལས་བཟོ་བ་ལས་མེད་གཏོང་རྒྱུ་ཉུང་དུ་གཏོང་དགོས་པའི་གནོན་ཤུགས་སྤྲོད་པ་མ་ཟད་ལས་ཀའི་གོ་སྐབས་མང་དུ་སྐྲུན་ཐུབ་པའི་ཁས་ལེན་བྱེད་ཀྱི་ཡོད་པ་རེད༎